བདུན་ཕྲག་འདིའི་ནང་ཏོག་དབྱིབས་ནད་ཡམས་ཕོག་ཡོད་པ་བོད་མི་ལྔ་ཐོན་འདུག

བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འགོས་ཡོད་མཁན་ནད་པ་ལྔ་བྱུང་འདུག

ལྡི་ལི་བོད་སྒར་བསམ་ཡས་གླིང་གི་སྒོ་ཆེན། ༢༠༢༠།༦ བློ་བཟང་།/RFA

བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འགོས་ཡོད་མཁན་ནད་པ་ལྔ་བྱུང་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་སྤྱི་ཟླ་༦་པའི་ཚེས་༡༡་ཉིན། འཆར་ཅན་གྱི་ཏོག་དབྱིབས་ནད་ཡམས་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་སྐབས། བདུན་ཕྲག་འདིའི་ནང་ཌལ་ཧོར་བོད་མིའི་གཞིས་ཆགས་སུ་བོད་མི་གཅིག་དང་། རྒྱལ་ས་ལྡི་ལིའི་བོད་སྒར་བསམ་ཡས་གླིང་དུ་བོད་མི་གཅིག ལ་དྭགས་ས་གནས་སུ་བོད་མི་གསུམ་བཅས་རྒྱ་གར་དུ་བཙན་བྱོལ་བོད་མི་ལྔ་ལ་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ། བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ལས་དོན་ཚོགས་ཆུང་གི་སྨན་པ་མཚམས་གཅོད་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ས་གནས་འཕྲོད་བསྟེན་སྨན་ཞབས་པ་དང་གསོ་རིག་སྨན་པ་ཚོས། རྩད་གཅོད་བྱས་པ་བརྒྱུད་ད་ལྟའི་ཆར་ནད་པ་དེ་ཚོ་ཚང་མར་ནད་རྟགས་ཡོད་པ་ལས་དམིགས་བསལ་ཚ་བ་འཕར་གྱི་ཡོད་པ་དང་། གློ་ལུད་རྒྱག་པ། དབུགས་གཏོང་ལེན་དཀའ་བ་སོགས་ཀྱི་ཚབས་ཆེའི་ནད་རྟགས་གང་ཡང་མི་འདུག་ལ། གནས་སྟངས་ཛ་དྲག་མེད་པ་ཡང་གསལ་བཤད་གནང་སོང་།
དེ་བཞིན་ད་ལྟའི་ཆར་བལ་ཡུལ་དང་། འབྲུག་རྒྱལ་ཁབ་ཀྱི་ནང་གི་བཙན་བྱོལ་བོད་མིའི་ཁྲོད་ཏོག་དབྱིབས་ནད་རྟགས་ཡོད་པའི་ནད་པ་གཅིག་ཀྱང་ཐོན་མེད་པ་མ་ཟད། བྱང་ཨ་མི་རི་ཀ་དང་ཡོ་རོབ་སོགས་ཀྱི་ནང་དུའང་ད་ཆ་ནད་པ་གསར་པ་གཅིག་ཀྱང་ཐོན་མེད་པ་འགྲེལ་བརྗོད་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ནང་ས་གནས་ཁག་༣༡་དང་། བལ་ཡུལ་ནང་ས་གནས་གཅིག་བཅས་ཁྱོན་ས་གནས་༣༢་ནང་བོད་མི་གྲངས་༡༠༡༡་ཟུར་བཀག་ཏུ་བཞག་ཡོད་པ་ལས། མི་གྲངས་༥༦༡་སོ་སོའི་ནང་དུ་ཟུར་བཀག་གིས་བཞུགས་ཡོད་ཅིང་། མི་གྲངས་༤༢༠་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་ཟུར་བཀག་ཏུ་གནས་ཡོད་པར། ནད་ཡམས་སྔོན་འགོག་གི་ཆེད་དམིགས་གོ་སྒྲིག་ཐོག དབུས་ས་ཁག་ཏུ་ནད་པ་ཡོད་མེད་བརྟག་དཔྱད་བྱེད་རྒྱུ་དེ་བདུན་ཕྲག་འདི་ནས་སྒོ་མྱུལ་གྱིས་བརྟག་དཔྱད་བྱ་རྒྱུ་མཚམས་བཞག་ཡོད་པ་དང་། གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཀྱིས་བགོས་འགྲེམས་གནང་བཞིན་ཡོད་འདུག
དེ་དང་མཉམ་དུ་འཕྲོད་བསྟེན་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་རྒྱ་གར་ནང་ཉིན་རེ་བཞིན་དུ་ནད་པའི་གྲངས་འཕར་བཞིན་ཡོད་པས། བོད་མི་ཚོ་ཛ་དྲག་ཡིན་ན་མ་གཏོགས་འགྲུལ་བཞུད་མ་གནང་རོགས་ཞེས་འབོད་སྐུལ་གནང་གི་འདུག
རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་གི་ངོས་འཛིན་ལྟར་ན། ཧི་མ་ཅལ་མངའ་སྡེའི་ནང་བོད་མི་གཅིག་འདས་གྲོངས་དང་། རྒྱལ་ས་ལྡི་ལི་ཁུལ་དུ་ཏོག་དབྱིབས་ནད་ཡམས་ཀྱིས་བོད་མི་གཅིག་བཅས་འདས་གྲོངས་སུ་གྱུར་ཡོད་ཁར། རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་བོད་མི་༡༣་དང་དྲག་བསྐྱེད་བྱུང་བ་བཞི་བཅས་བྱུང་ཡོད་ཅིང་། བཙན་བྱོལ་བོད་མི་མང་ཆེ་བ་གནས་ཡུལ་རྒྱ་གར་ནང་སྤྱི་ཡོངས་ནས་ད་ཆ་ཏོག་དབྱིབས་ནད་ཀྱིས་མནར་བཞིན་པ་ནད་པ་མི་གྲངས་ཆིག་འབུམ་སུམ་ཁྲི་བདུན་སྟོང་བཞི་བརྒྱ་བཞི་བཅུ་ཞེ་བརྒྱད་དང་། འདས་གྲོངས་སོང་བ་བརྒྱད་སྟོང་ཆིག་བརྒྱ་གཉིས། དྲག་བསྐྱེད་བྱུང་བ་ཆིག་འབུམ་བཞི་ཁྲི་ཆིག་སྟོང་བརྒྱ་མེད་ཉི་ཤུ་རྩ་བརྒྱད་ཡིན་པ་རེད།
དེ་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༦ ་པའི་ཚེས་༡༡་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༧༤༡༥༣༡༩་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༤༡༧༥༤༦་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། བྷིར་ཛལ། ཨུ་རུ་སི། སུ་པན། དབྱིན་ཡུལ། ཨེ་ཊ་ལི། རྒྱ་ནག ཇར་མན་བཅས་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org