རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་སྤྲོད་ཐུབ་མཁན་མངོན་ཐབས།

རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་ཕེབས་པ་ནི་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་སྤྲོད་ཐུབ་མཁན་མངོན་ཐབས་ཡིན་པ་གནད་དོན་དབྱེ་ཞིབ་པས་གསུངས་འདུག།

༢༠༡༤ལོར་ཨ་རིའི་སྲིད་འཛིན་རྒྱ་ནག་ཏུ་ཕེབས་སྐབས། ཨེ་ཨེཕ་པི།


༄༅། །རྒྱ་ནག་གི་སྲིད་འཛིན་ཞིའི་ཅིང་ཕིང་གཟའ་འཁོར་རྗེས་མ་ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་དང་། དེ་ནི་རྒྱ་ནག་གི་སྲིད་འཛིན་ནས་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཕྱིར་མངོན་ཐུབ་པའི་ཆེད་དུ་ཡིན་པ་གནད་དོན་དབྱེ་ཞིབ་པས་བསམ་ཚུལ་གསུང་གི་ཡོད་པ་རེད།  ཨ་རི་དང་རྒྱ་ནག་ཡུལ་གྲུ་གཉིས་ཀ་འཛམ་གླིང་ནང་ནས་དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པ་མ་ཟད།  ཡུལ་གྲུ་གཉིས་དབར་དཔལ་འབྱོར་མཉམ་ལས་ཀྱི་འབྲེལ་ལམ་ཟབ་པོ་ཞིག་ཡོད་པ་རེད་ལ་རྒྱལ་སྤྱིའི་ནང་འགྲན་རྩོད་ཡང་ཆེ་ཤོས་ཡོད་པའི་ཡུལ་གྲུ་གཉིས་ཡིན་ཞིང་།  གཟའ་འཁོར་རྗེས་མ་རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་སྐབས་ ཨ་རིའི་སྲིད་འཛིན་དང་ལྷན་དུ་གྲོས་མོལ་གྱི་ནང་དོན་གཙོ་བོའོ་གྲས་སུ་ཚོང་དོན་དང་།  གནམ་
གཤིས་འགྱུར་ལྡོག་གི་གནད་དོན།  འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་དང་། དེ་བཞིན་དྲ་རྒྱའི་བདེ་འཇགས་སོགས་གནད་དོན་ཁག་གི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པའི་སྐོར་རྒྱ་ནག་གི་དཔོན་རིགས་ནས་བརྗོད་ཡོད་ཅིང་། ཞིའི་ཅིང་བིང་གཟའ་མིག་དམར་ཉིན་ཐོག་མར་ཨ་རིའི་ནུབ་ཕྱོགས་མངའ་སྡེ་Seattle དུ་ཕེབས་ནས་ གཟའ་པ་སངས་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ ཨ་རིའི་སྲིད་འཛིན་གྱིས་ སྲིད་འཛིན་ཕོ་བྲང་དུ་ཕེབས་བསུའི་སྣེ་ལེན་ཞུ་རྒྱུ་ཡིན་ཞིང་།  རྒྱ་ནག་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ད་རེས་ཨ་རིའི་ནང་གི་གཟིགས་སྐོར་དེ་བརྒྱུད་ནས་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་ཐོག་ནས་ ཨ་རི་དང་འདྲ་མཉམ་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་པ་མཚོན་ཐུབ་པའི་གོ་སྐབས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org