རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་སྡོད་ཤག་ལྔ་སྟོང་ནས་དྲུག་སྟོང་ཙམ་རྩ་གཏོར་བྱས་འདུག

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་གྲྭ་བཙུན་གྱི་སྡོད་ཤག་གྲངས་ལྔ་སྟོང་ནས་དྲུག་སྟོང་བར་རྩ་གཏོར་བཏང་ཡོད་པ་བོད་ནས་འབྲེལ་ཡོད་མི་སྣས་བརྗོད་ཀྱི་འདུག

ཡ་ཆེན་སྒར་གཏོར་བཤིག་མ་བཏང་སྔོན་དང་བཏང་ཟིན་པའི་རྗེས། ༢༠༡༩ བོད་འབྱོར། /RFA

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་གྲྭ་བཙུན་གྱི་སྡོད་ཤག་གྲངས་ལྔ་སྟོང་ནས་དྲུག་སྟོང་བར་རྩ་གཏོར་བཏང་ཡོད་པ་བོད་ནས་འབྲེལ་ཡོད་མི་སྣས་བརྗོད་ཀྱི་འདུག
སྒེར་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་མིང་འབོད་མ་བྱས་པའི་ཁུངས་ལྡན་མི་སྣ་ཞིག་གིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་ངོ་སྤྲོད་བྱས་བ་ལྟར་ན། རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནང་ཡོད་པའི་གྲྭ་བཙུན་ཁྱོན་བསྡོམས་དྲུག་སྟོང་ཙམ་སྔ་རྗེས་སུ་ཕྱིར་འབུད་བྱས་ཡོད་འདུག་པ་དང་། ཕྱིར་འབུད་བྱས་པ་མང་ཆེ་བ་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ས་གནས་ཁག་ནས་ཡིན་འདུག
ད་དུང་ཁོང་གིས་གསུངས་ན། ཡ་ཆེན་སྒར་རུ་གྲྭ་ཤག་ཆིག་ཁྲི་གསུམ་སྟོང་ཙམ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་ནས་ད་བར་གྲྭ་ཤག་ལྔ་སྟོང་ནས་དྲུག་སྟོང་བར་རྩ་གཏོར་ཟིན་འདུག་ལ། ད་ཆ་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་རུ་མུ་མཐུད་བཞག་པའི་བཙུན་མ་མང་ཆེ་བ་ཡ་ཆེན་སྒར་ཆགས་ཡུལ་དཔལ་ཡུལ་རྫོང་རང་གི་ས་ཁོངས་དང་། དེ་བཞིན་འབའ། རྫ་ཆུའི་ཁ་སོགས་ནས་ཡིན་པའི་བཙུན་མ་ཉུང་ངུ་ཞིག་བཞག་ཡོད་འདུག
བོད་ནས་གནས་ཚུལ་མཁོ་སྤྲོད་པ་དེས། བོད་རང་སྐྱོང་ལྗོངས་ཁོངས་ནས་ཡིན་པ་ད་ཆ་ཕྱིར་འབུད་ཟིན་པའི་བཙུན་མ་དེ་དག་དགོན་པ་ཁག་གི་ནང་ཆོས་ཞུགས་ཆོག་པའི་རེ་བ་ཧ་ལམ་མེད་པ་འགྲེལ་བརྗོད་གནང་གི་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org