ཞོ་སྟོན་རིང་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བོད་ནང་དམ་དྲག་ཆེན་པོ་བྱས་ཡོད་འདུག

ལྷ་སར་བསྐྱོད་པའི་ལམ་བུར་ཞིབ་བཤེར་བྱེད་པའི་འགག་སྒོའི་ས་ཚིགས་ཁག་ནས་ལག་འཁྱེར་སོགས་ལ་ཞིབ་བཤེར་ནན་པོ་བྱེད་ཡོད་པ།

བོད་ནས་བཏང་འབྱོར།

བོད་ནང་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༦ ནས་ཚེས་ ༢༢ བར་བོད་ཀྱི་ཞོ་སྟོན་དུས་ཆེན་ཚོགས་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། ཚེས་ ༡༦ སྟེ་གནམ་གང་ཉིན་ལྷ་སའི་ནང་ཆགས་པའི་གདན་ས་ཆེན་པོ་འབྲས་སྤུངས་དང་སེ་ར་དགོན་དུ་ཞོ་སྟོན་གྱི་གོས་སྐུ་བཤམ་ཡོད་པ་རེད། བོད་མི་དད་ལྡན་པ་མང་ཚོགས་མང་པོས་གོས་སྐུ་མཇལ་བར་བསྐྱོད་ཡོད་རུང་། ཞོ་སྟོན་རིང་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་དམ་དྲག་ཧ་ཅང་ཆེན་པོ་བྱས་ཡོད་འདུག་ལ།  ཞོ་སྟོན་གྱི་གོང་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ནང་དམ་དྲག་བྱ་རྒྱུའི་བརྡ་ཐོ་མང་པོ་བཏང་ཡོད་པ་མ་ཟད། ལྷ་སར་བསྐྱོད་པའི་ལམ་བུར་ཞིབ་བཤེར་བྱེད་པའི་འགག་སྒོའི་ས་ཚིགས་ཁག་ནས་ལག་འཁྱེར་སོགས་ལ་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གི་ལས་ཁུངས་ཁག་གི་ལས་བྱེད་པ་རྣམས་ཞོ་སྟོན་རིང་ཆོས་ཕྱོགས་ཀྱི་བྱེད་སྒོར་རྩ་བ་ནས་མཉམ་ཞུགས་བྱེད་མི་ཆོག་པ་དང་། དེ་བཞིན་མང་ཚོགས་འདུ་འཛོམས་མང་སར་བསྐྱོད་མི་ཆོག་པ། སྐད་ཆ་གང་བྱུང་བཤད་མི་ཆོག་པ། དམར་ཤོག་ཚོགས་པའི་སྒྲིག་ལམ་དང་འགལ་མི་ཆོག་པ་སོགས་བཀོད་སྡོམ་བྱས་ཡོད་འདུག ད་རེས་ཞོ་སྟོན་གྱི་སྐབས་སུ་ད་དུང་གཞུང་གི་ལས་གནས་ནས་རྒས་ཡོལ་ཞུས་ཟིན་པའི་མི་སྣ་ཚོར་ཡང་དམ་དོན་བྱ་དགོས་པ་བརྗོད་ནས་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་འགྲོ་སྟངས་ནན་སྲུང་དགོས་པ། ལས་དོན་བྱེད་ཆོག་དང་མི་ཆོག་པའི་དབར་ལ་དབྱེ་འབྱེད་ཐུབ་པ། ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་མི་ཆོག་པ་སོགས་བརྗོད་འདུག དེ་བཞིན་བརྡ་ཐོ་བཀོད་ཁྱབ་བྱས་པའི་ནང་། རྒས་ཡོལ་ཞུས་ཟིན་པའི་ལས་བྱེད་པ་ཚོས་སོ་སོའི་བུ་ཕྲུག་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་སོགས་ཀྱི་སློབ་གསོ་སྤྲོད་དགོས་པ་ཡང་ནན་སྐུལ་བྱས་འདུག

གནའ་སྔ་མོ་རྒྱ་གར་ལ་དགེ་འདུན་པ་རྣམས་དབྱར་གནས་ལ་བཞུགས་པའི་ཚེ་བསོད་སྙོམས་ལ་ཕེབས་མི་དགོས་པར་བརྟེན་གཏོང་ཕོད་ཅན་གྱི་སྦྱིན་བདག་ལ་སོགས་པས་ཞོ་དང་འོ་མ་ལ་སོགས་པའི་བསྙེན་བཀུར་ཞུ་སྲོལ་ཡོད་པ་ལྟར། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་སོགས་སུ་དབྱར་གནས་ཚུགས་པའི་སྐབས་སུ་ཞོ་ཡི་སྟོན་མོ་སྟེ་ཞོ་ཡི་ཞལ་ལག་སོགས་འབུལ་བས་ན་ཞོ་སྟོན་ཞེས་དུས་ཆེན་གྱི་མིང་ཐོགས་པ་ཡིན་པར་འདོད་ཅིང་། བོད་དུ་ཞོ་སྟོན་དར་བའི་དུས་ཚོད་ནི།  དུས་རབས་བཅུ་བདུན་པ་སྟེ་༧རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་ནས་བྱུང་པ་དང་། དེ་ཡང་བོད་ཟླ་དྲུག་པའི་གནམ་གང་སྟེ་ཞོ་སྟོན་གྱི་ཉིན་དེ་ལ་བོད་ཀྱི་བཀྲ་ཤིས་ཞོལ་པ་དང༌། བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་བཅར་ནས་དགའ་ལྡན་ཕོ་བྲང་གི་མདུན་ངོས་སུ་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་འབུལ་ཞུ་སྲོལ་ཡོད་པ་དུང་དཀར་ཚིག་མཛོད་ཆེན་མོའི་ནང་གསལ་འདུག།

 

གསར་འགོད་པ། སྐལ་ལྡན་བློ་གྲོས།

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org