ཁམས་དཀར་མཛེས་རྫོང་ཐོག་ཏུ་གྲྭ་བཙུན་སྡོམ་༡༧་ནས་ངོ་རྒོལ།
བོད་ཀྱི་ཁམས་དཀར་མཛེས་རྫོང་གྲོང་ཁྱེར་ནང་ཕྱི་ཟླ་དྲུག་པའི་ཚེས་དྲུག་ནས་འགོ་བཙུགས་ཀྱིས་མུ་མཐུད་ནས་བདུན་གཅིག་གི་རིང་ངོ་རྒོལ།
-
2011-06-13 -
-
-
༄༅༎ང་ཚོའི་ཁམས་ཀྱི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་དང་། བཟོད་པ་རྒྱ་མཚོ་ལགས་གཉིས་ཀྱིས་ཁག་སོ་སོར་གནས་ཚུལ་བཏང་དོན་ལྟར་ན། བོད་ཀྱི་ཁམས་དཀར་མཛེས་རྫོང་གྲོང་ཁྱེར་ནང་། ཉེ་འཁོར་གྱི་དགོན་པ་ཁག་གི་དགེ་འདུན་པ་དང་བཙུན་པ་བཅུ་བདུན་ཙམ་གྱིས། ཕྱི་ཟླ་དྲུག་པའི་ཚེས་ ༦་ ནས་འགོ་བཙུགས་ཀྱིས་མུ་མཐུད་ནས་བདུན་གཅིག་གི་རིང་ངོ་རྒོལ་སྐད་འབོད་གནང་ཡོད་ཅིང་། ཁོང་རྣམས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་། བོད་ནང་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་རྒྱ་གཞུང་གིས་བཙོན་ཁང་ནས་གློད་བཀྲོལ་དགོས་པའི་སྐད་འབོད་ཤུགས་ཆེན་བརྒྱབ་ནས་ཡུན་རིང་མ་འགོར་བ། རྒྱ་གཞུང་གི་ཉེན་རྟོག་དམག་མིས་འཛིན་བཟུང་དང་ཉེས་རྡུང་ཚབས་ཆེ་བཏང་བའི་གནས་ཚུལ་ཤེས་རྟོགས་བྱུང་འདུག གནད་དོན་དེའི་སྐོར་བོད་ནས་མཚན་གསུངས་འདོད་མེད་པའི་བོད་མི་ཞིག་གིས་གསུངས་དོན་ལ་།
འདས་པའི་བདུན་གཅིག་གི་རིང་མུ་མཐུད་ནས་དཀར་མཛེས་གྲོང་ཁྱེར་ནང་བོད་ཀྱི་ཆེད་དུ་ངོ་རྒོལ་སྐད་འབོད་གནང་མཁན་ ༡༧་གྱི་གྲས་སུ་རེས་གཟའ་སྤེན་པའི་ཉིན་ངོ་རྒོལ་གནང་མཁན་ནི་ཁང་དམར་དགོན་པའི་དགེ་འདུན་པ་དཔའ་ཆེན་ལགས་ཡིན་པ་དང་། རེས་གཟའ་ཉི་མའི་ཉིན་དགེ་རྩའི་བཙུན་དགོན་གྱི་བཙུན་མ་གསུམ་ཡིན་པ་རེད་འདུག བྱས་ཙང་ད་ལྟ་བར་དུ་ངོ་རྒོལ་སྐད་འབོད་བྱས་མཁན་གྲས་སུ་དཀར་མཛེས་དགོན་པའི་དགེ་འདུན་པ་དྲུག་དང་། དགེ་རྩེའི་བཙུན་དགོན་གྱི་བཙུན་མ་གསུམ་དང་། སྦེ་རི་དགོན་པའི་དགེ་འདུན་པ་གསུམ་དང་། ཁང་དམར་དགོན་པའི་དགེ་འདུན་པ་གཅིག་བཅས་ཡིན་པ་རེད་འདུག དཀར་མཛེས་ས་ཁུལ་དུ་ངོ་རྒོལ་གྱི་དོན་རྐྱེན་བྱུང་བ་དང་། ས་ཁུལ་དུ་དམ་དྲག་ཤུགས་ཆེ་རུ་བཏང་བ་མ་ཟད་དམག་མི་འབོར་ཆེན་བཀྲམ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག།