རྒྱ་ནག་ནང་གི་བྱིས་གཉོར་ཁང་ཞིག་ཏུ་གྲི་ཐོགས་པའི་མི་ཞིག་གིས་འཇབ་རྒོལ་བྱས་ནས་མི་དྲུག་བསད་འདུག

དེ་ཡང་རྒྱ་ནག་ཀོང་ཏུང་ཞིང་ཆེན་ལེན་ཇང་གྲོང་ཁྱེར་གྱི་བྱིས་གཉོར་ཁང་ངམ་སྔོན་འགྲོའི་སློབ་གྲྭ་ཞིག་ཏུ་ཟླ་༧པའི་ཚེས་༡༠ཉིན་མི་ཞིག་གིས་གྲི་བཟུང་ནས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བཟོས་བའི་ཁྲོད། ད་ལྟའི་བར་དུ་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་སོང་བ་དང་གཅིག་རྨས་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག འབྲེལ་ཡོད་བརྙན་ཐུང་ཞིག་གི་ནང་། ལག་ལ་གྲི་བཟུང་བའི་སྐྱེས་པ་ཞིག་བྱིས་གཉོར་ཁང་གི་རྩེད་ཐང་དུ་ཡོང་བ་དང་། བྱིས་གཉོར་ཁང་གི་སྒོ་ཁ་ན་མི་བཞི་ཁྲག་གི་ནང་འགྱེལ་ཡོད་ཅིང་། ཉེ་འཁོར་གྱི་མི་ཚོས་ཉེན་རྟོག་པར་ཁ་པར་ཐོངས་ཞེས་སྐད་རྒྱག་བཞིན་པ་གོ་ཐུབ།
གནས་ཚུལ་ལྟར་ན། ཤི་རྨས་བྱུང་པའི་ཁྲོད་བྱིས་གཉོར་ཁང་གི་དགེ་རྒན་ཡོད་པ་གསལ་ཁ་བཏོན་འདུག ཉེས་ཅན་དོགས་གཞི་ཅན་ལོ་ན་༢༥ཡིན་པའི་ཝུ་ག་གེ་མོ་འཛིན་བཟུང་བྱས་ལུགས་ལེན་ཇང་གྲོང་ཁྱེར་ཉེན་རྟོག་པས་གསལ་བསྒྲགས་བྱས་འདུག
རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་མང་པོའི་ནང་། རྐྱེན་འདས་སུ་སོང་བའི་ནང་གི་གཅིག་གི་རླངས་འཁོར་གྱིས་ཉེས་ཅན་དོགས་གཞི་ཅན་དེའི་བྱིས་པ་གདོང་ཐུག་བརྒྱབས་ཀྱང་འགན་ལེན་ཡག་པོ་བྱས་མེད་པར་བརྟེན་ཉེས་ཅན་དོགས་གཞི་ཅན་དེས་འཁོན་ལན་སློག་པ་ཡིན་ལུགས་བཀོད་ཡོད་ཀྱང་། དེའི་སྐོར་ལེན་ཇང་གཞུང་གིས་གསལ་ཁ་བཏོན་མི་འདུག
རོ་ཡེ་ཊར་གསར་ལས་ཁང་གིས་རེས་གཟའ་ཟླ་བའི་ཉེན་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་མེ་མདའ་དོ་དམ་དང་བདེ་འཇགས་ཞིབ་བཤེར་སོགས་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ནན་མོ་བྱེད་བཞིན་ཡོད་མོད། འདས་པའི་ལོ་ཤས་ནང་སློབ་གྲྭའི་དགེ་རྒན་དམིགས་འབེན་དུ་བཟུང་བའི་དྲག་པོའི་དོན་རྐྱེན་ཡང་ཡང་བྱུང་བར་མི་རྣམས་ཀྱིས་སེམས་ཁྲལ་བྱེད་བཞིན་ཡོད། ༢༠༢༢ལོའི་ཟླ་༨པར་ཅང་ཞིས་ཞིང་ཆེན་གྱི་བྱིས་གཉོར་ཁང་ཞིག་ཏུ་གྲིས་བརྒྱབས་ནས་མི་བསད་པའི་དོན་རྐྱེན་བྱུང་ནས་མི་གསུམ་ཤི་བ་དང་། མི་དྲུག་རྨས་སྐྱོན་བྱུང་ཡོད་པ་རེད། ༢༠༢༡་ལོའི་ཟླ་༤པར་ཀོང་ཞིས་ཞིང་ཆེན་གྱི་བྱིས་གཉོར་ཁང་ཞིག་ཏུ་གྲིས་བརྒྱབས་ནས་མི་བསད་པའི་དོན་རྐྱེན་ཁྲོད་མི་གཉིས་ཤི་༡༦རྨས། ༢༠༡༨་ལོར་ཧྲང་ཧེ་གྲོང་ཁྱེར་གྱི་སློབ་ཆུང་ཞིག་ཏུ་གྲིས་བརྒྱབས་ནས་མི་བསད་པའི་དོན་རྐྱེན་བྱུང་ནས་མི་གཉིས་ཤི་གཅིག་རྨས། ༢༠༡༧ ལོར་ཅང་སུའུ་ཞིང་ཆེན་གྱི་སློབ་ཆུང་ཞིག་ཏུ་འབར་གས་བྱུང་ནས་མི་བརྒྱད་ཤི་བ་དང་༦༥ རྨས་ཡོད་པ་བཀོད་འདུག
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།