༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་བསྟུན་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་སྐུ་མདུན་ཞེས་པ་ཨ་རིའི་ཊེ་བྷེ་ཀ་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་རྒྱུ་རེད་འདུག
ཨ་རིའི་ (Tribeca Film Festival) གློག་བརྙན་དུས་སྟོན་ཚོགས་པས། ཕྱི་ལོ་ ༡༩༩༧ ལོར་རྒྱལ་སྤྱིའི་ཐོག་འགྲེམས་སྤེལ་བྱས་པའི་སྙན་གྲགས་ཅན་གྱི་ (Oscars) གཟེངས་རྟགས་ཀྱི་ཁོངས་སུ་བདམས་ཐོན་བྱུང་བའི་སྐུ་མདུན་ (Kundun) ཞེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་དེ་བཞིན། འདི་ལོར་མགོན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བསྟུན་ཊེ་བྷེ་ཀ་གློག་བརྙན་དུས་སྟོན་ཐོག་ནིའུ་ཡོག་ཏུ་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་རེད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (ICT) གིས་དེར་འཚམས་འདྲི་ཞུས་ཡོད་ཅིང་། ཊེ་བྷེ་ཀ་གློག་བརྙན་དུས་སྟོན་ཐོག་སྐུ་མདུན་ཞེས་པའི་གློག་བརྙན་གཟིགས་འབུལ་སྐབས། གློག་བརྙན་འཁྲབ་ཁྲིད་པ་མར་ཊིན་སིཁོར་སེ་སེ་ (Martin Scorsese) ལགས་ཆེད་ཕེབས་ཀྱིས་ངོ་སྤྲོད་གནང་རྒྱུ་དང་། གློག་རྙན་དེ་བཞིན་ (35mm) རྣམ་པའི་ཐོག་བསྟན་རྒྱུ་ཡིན་པ་བཀོད་འདུག་པ་མ་ཟད། ནིའུ་ཡོཀ་ནང་གི་གློག་བརྙན་གཟིགས་འབུལ་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ Compassion Rising World Tour ཞེས་བྱམས་བརྩེ་གོང་འཕེལ་གྱི་སྐོར་སྐྱོད་ལས་གཞིའི་ཆ་ཤས་སུ་རྒྱུར་ཡོད་པ་གསུངས་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། གློག་བརྙན་དུས་སྟོན་དེའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་སྐུ་མདུན་གཟིགས་འབུལ་ཞུ་རྒྱུ་ཡིན་པ་ནི། ༸སྐུའི་གོ་སྟོན་དང་བསྟུན་དུས་སྟོན་དེའི་ཐོག་བཅར་མཁན་རྣམས་ལ་མགོན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་ཤེས་རྟོགས་ཐུབ་རྒྱུ་སོགས་དམིགས་བསལ་བ་ཞིག་ཡིན་པས། གློག་བརྙན་འཁྲབ་ཁྲིད་པ་མར་ཊིན་སིཁོར་སེ་སེ་ (Martin Scorsese) ལགས་སུ་ཐུགས་རྗེ་ཆེ་ཞེས་ཞུས་འདུག མ་ཟད་ཁོང་གིས། སྐུ་མདུན་ཞེས་པའི་གློག་བརྙན་དེར་བོད་མི་ཚང་མའི་སེམས་ནང་དམིགས་བསལ་གྱི་ཚོར་བ་ལྡན་ཡོད་པས། ཐེངས་འདིར་གློག་བརྙན་དེ་བཞིན་འགྲེམས་སྤེལ་བྱས་ནས་ལོ་ངོ་བཅུ་ཕྲག་གཉིས་རྗེས་སླར་ཡང་གློག་བརྙན་དུས་སྟོན་ཆེན་པོའི་ཐོག་གཟིགས་འབུལ་ཞུ་ཡིན་འདུག་པ་ནི་དམིགས་བསལ་ཅན་ཞིག་རེད་ཅེས་གསུངས་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་སྐུ་མདུན་ཞེས་པ་དེ་བཞིན། དམ་པ་(Melissa) ཡིས་བྲིས་རྩོམ་གནང་ཞིང་། ཨ་རིའི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་བྷརེཌ་པིཊ་ (Brad Pitt) ཡིས་འཁྲབ་སྟོན་གནང་བ། མར་ཊིན་སིཁོར་སེ་སེ་ (Martin Scorsese) ཡིས་འཁྲབ་ཁྲིད་པ་གནང་བ་ཞིག་ཡིན་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།