ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག

ཟླ་ ༤ ཚེས་ ༣༠ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རྒྱ་གཉིས་ཀྱི་དབར་སྒོ་ཁྲལ་གྱི་འགྲན་རྩོད་ཤུགས་ཆེ་འབྱུང་བཞིན་པའི་དུས་སྐབས་འདིར། ཟླ་ ༤ ཚེས་ ༢༩ རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མས་གྲོས་ཚོགས་འཐུས་མི་ཟུར་པ་ཌེ་ཝིཌ་པར་ཌུ་ (David Perdue) ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་རྒྱུ་གཏན་འཁེལ་བྱུང་ཡོད་པ་རེད་འདུག
ཇོར་ཇི་ཡ་མངའ་སྡེ་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དུས་ཡུན་གཅིག་གི་རིང་ཞབས་ཞུ་གནང་མྱོང་མཁན་ (Perdue) ལགས་ཀྱིས། ཟླ་བ་འདིའི་ནང་བསྐོ་གཞག་ཉན་ཞིབ་སྐབས། ཨ་རི་དང་རྒྱ་ནག་གི་འབྲེལ་བ་ནི་དུས་རབས་ཉེར་གཅིག་པའི་ནང་གཞུང་འབྲེལ་དཀའ་ངལ་ཆེ་ཤོས་ཤིག་ཡིན་ཞིང་། དེར་ཨ་རིའི་གཞུང་ངོས་ནས་རྒྱ་ནག་ལ་འབྲེལ་བ་བྱེད་ཚུལ་ནི། ཐབས་བྱུས་དང་ལྡན་པའི་སྒོ་ནས་བྱ་དགོས་ཞེས་གསུངས་ཡོད་པ་རེད་འདུག
གྲོས་ཚོགས་འཐུས་མི་ཟུར་པ་ཌེ་ལྦིཌ་ལགས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༤ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་། རྒྱ་ནག་གིས་བོད་མི་དང་ཡུ་གུར་བ་རྣམས་ལ་བཙན་ཤེད་ངལ་རྩོལ་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་ཨ་རི་ངོས་ནས་མ་དགའ་བའི་རྣམ་འགྱུར་གཙང་མ་སྟོན་དགོས་པ་ལས་མིག་ཙུམ་ནས་སྡོད་མི་རུང་བའི་སྐོར་གསུངས་ཡོད་པར་བོད་མིའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྣམས་ཀྱིས་དགའ་བསུ་ཞུས་ཡོད་པ་རེད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། འགྲོ་བ་མིའི་ཐོབ་ཐང་ནི་ཨ་རི་གཞུང་གི་རྩ་བའི་དམ་བཅའ་ཞིག་ཆགས་ཡོད་ལ། ལྷག་པར་དུ་བོད་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་སྡུག་རྩུབ་མནར་གཅོད་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དེ་ལ་ཨ་རི་གཞུང་གིས་དེ་སྔ་མིག་བཙུམ་མེད་ལ། མ་འོངས་པར་ཡང་དེ་ལ་འགྱུར་བ་ཐེབས་རྒྱུ་མིན་པ་གསལ་པོ་རེད། ཊམཔ་སྲིད་གཞུང་གི་ངོས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཕྱི་གསལ་ནང་གསལ་ཐོག་གདོང་ལེན་བྱ་རྒྱུ་དེ་ཁྲིམས་ཀྱི་ཐོག་ནས་སྐུ་དབང་ཡོད་པ་རེད། ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
ཁོང་གི་བསྐོ་གཞག་དང་འབྲེལ་འདི་ཚེས་ ༣༠ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འཚམས་འདྲི་དང་སྦྲགས། གྲོས་ཚོགས་འཐུས་མི་ David Perdue ལགས་ཀྱིས་དེ་སྔ་གྲོས་ཚོགས་འཐུས་མི་གནང་སྐབས་སུ་བོད་དོན་ལ་རྒྱབ་སྐྱོར་གྱིས། བོད་ཀྱི་ཆུ་བོའི་གནད་དོན་དང་འབྲེལ་ཁོང་གིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁོར་ཡུག་དང་ཆུའི་འབྱུང་ཁུངས་སོགས་ལ་གནོད་འཚེ་བྱེད་བཞིན་པ་ནི་ཧ་ཅང་ཉེན་ཚབས་ཅན་ཞིག་ཡིན་པས། ཁོང་ནས་རྒྱ་ནག་དང་ལྷན་གནད་དོན་དེར་གཙིགས་སུ་འཛིན་ནས་གླེང་སློང་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་སོགས་བཀོད་འདུག
རྩ་བའི་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༥ ཉིན་ཨ་རིའི་སྲིད་འཛིན་ཊམཔ་ཡིས་སྤྱི་ཚོགས་དྲྭ་ལམ་ཐོག (David Perdue) ལགས་རྒྱ་ནག་ནང་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་སྐབས། ཁོང་ནི་ལོ་ངོ་༤༠ལྷག་གི་ཚོང་དོན་དང་འབྲེལ་བའི་ཉམས་མྱོང་ཡོད་པའི་ཆབ་སྲིད་པ་ཞིག་ཡིན་པས་རྒྱ་ནག་དང་ཨ་རིའི་དབར་ཕན་ཚུན་ཡིད་ཆེས་བརླག་པ་དང་། ཚོང་དོན་གྱི་འགལ་ཟླའི་དཀའ་རྙོག་ཁག་སེལ་རྒྱུར་ཕན་ཐོགས་ཡོང་རྒྱུའི་རེ་བ་ཡོད་ཅེས་དང་། ཌེ་ལྦིཌ་ལགས་དེ་སྔོན་སིང་ག་ཕོར་དང་། ཧོང་ཀོང་ནང་གནས་སྡོད་ཀྱིས་ཨེ་ཤེ་ཡའི་ནང་ཕྱག་ལས་གནང་མྱོང་ཡོད་པ་དང་། ཁོང་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གནང་སྐབས་སུ་དམག་དོན་ཚོགས་ཆུང་ནང་ལས་དོན་བསྒྲུབས་ཡོད། དེའི་ནང་ནས་ཀྱང་ནུས་པ་ཆེ་བའི་མཚོ་དམག་སྟོབས་ཤུགས་ཚོགས་ཆུང་གི་ཚོགས་གཙོ་གནང་མྱོང་མ་ཟད། དེ་བཞིན་ཕྱི་འབྲེལ་ཚོགས་ཆུང་ནང་ནས་ཀྱང་ཕྱག་ལས་གནང་མྱོང་ཡོད་པའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཞིག་ཡིན་པ་རེད་ཅེས་བཀོད་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།