༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་། ཤར་སྤྲུལ་རིན་པོ་ཆེ། དགེ་བཤེས་ལྷུན་གྲུབ་བཟོད་པ་རིན་པོ་ཆེའི་ཡང་སྲིད་གཙོས་པའི་ཕྱི་ནང་གི་དད་ལྡན་པར་མཇལ་ཁ་སྩལ་བ།

2025.05.05
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་། ཤར་སྤྲུལ་རིན་པོ་ཆེ། དགེ་བཤེས་ལྷུན་གྲུབ་བཟོད་པ་རིན་པོ་ཆེའི་ཡང་སྲིད་གཙོས་པའི་ཕྱི་ནང་གི་དད་ལྡན་པར་མཇལ་ཁ་སྩལ་བ། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་། ཤར་སྤྲུལ་རིན་པོ་ཆེ། དགེ་བཤེས་ལྷུན་གྲུབ་བཟོད་པ་རིན་པོ་ཆེའི་ཡང་སྲིད་གཙོས་པའི་ཕྱི་ནང་གི་དད་ལྡན་པར་མཇལ་ཁ་སྩལ་བ།
RFA/Tenzin Woser

ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༥ རེས་གཟའ་ཟླ་བའི་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་། ཤར་སྤྲུལ་རིན་པོ་ཆེ། དགེ་བཤེས་ལྷུན་གྲུབ་བཟོད་པ་རིན་པོ་ཆེའི་ཡང་སྲིད་གཙོས་པའི་ཕྱི་ནང་གི་དད་ལྡན་པ་ ༤༣༠ ལྷག་ལ་མཇལ་ཁ་སྩལ་འདུག

དེ་ཡང་དགེ་བཤེས་ལྷུན་གྲུབ་བཟོད་པའི་ཡང་སྲིད་རིན་པོ་ཆེ་ནི། ཁེ་ན་ཌ་གནས་བཞུགས་ཡབ་བསྟན་འཛིན་འགྱུར་མེད་དང་ཡུམ་ཚེ་བརྟན་བཟང་མོ་གཉིས་ལ་འཁྲུངས་ཤིང་། ཟླ་བ་ ༥ ཚེས་ ༥ ཉིན་གུང་ལོ་བདུན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་སྐྲ་ཕུད་ཞུས་ཏེ་མཚན་ལ་བསྟན་འཛིན་བློ་གྲོས་གསོལ་གནང་བ་དང་སྦྲགས། མགོན་ཆེན་པོ་མཆོག་གིས་དཔེ་ཆ་ཡག་པོ་གཟིགས་དགོས་པའི་བཀའ་སློབ་ཕེབས་འདུག

རྩ་བའི་རིན་པོ་ཆེ་སྐུ་ཐོག་གོང་མ་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ནི།  ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞེས་སྐབས་མཚན་ཞབས་སུ་བདམས་མཐོན་བྱུང་ཡོད་པ་དང་། ཁོང་ལ་ནུབ་ཕྱོགས་སུ་སློབ་མ་གྲགས་ཅན་རོ་བྷཊ་ཐར་མོན་ (Robert Thurman) དང་ཇེ་ཧྥེ་རི་ཧོབ་ཀིན་(Jeffrey Hopkins) སོགས་མང་དག་བྱུང་ཡོད་ལ། ཕྱི་ལོ་ ༡༩༦༧ ནས་ ༡༩༩༧ བར་ཨ་རིའི་(University of Wisconsin-Madison) དུ་ནང་དོན་རིག་པ་སློབ་ཁྲིད་གནང་ཡོད་ལ། མཐར་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༨ ཚེས་ ༢༨ ཉིན་གུང་ལོ་ ༩༡ ཐོག་དགོངས་པ་རྫོགས་འདུག

དེ་བཞིན་དེ་རིང་གི་མཇལ་བཅར་བའི་ཁྲོད་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གང་ཐུབ་བྱ་རྒྱུ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཡིན་པས། ང་ཚོས་དེ་གང་ཐུབ་ཀྱིས་སྒྲུབ་བཞིན་ཡོད་ལ། ང་ཚོའི་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་ཆོས་ཚོགས་ཁག་གི་སློབ་མ་རྣམས་ནས་སློབ་གཉེར་གནང་ཕྱོགས་ཐད་སྙན་སེང་ཞུས་པས། མགོན་པོ་མཆོག་ནས་སེམས་ཤུགས་མ་ཆག་པའི་ཐོག་མུ་མཐུད་ཤུགས་རྒྱག་དགོས་པའི་བཀའ་སློབ་ཕེབས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་མཇལ་བཅར་བའི་ཁྲོད། ཅོན་ཏ་རར་ཡོད་པའི་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་ནས་ཡིན་པ་ར་སྤྲུལ་དམ་ཆོས་རིན་པོ་ཆེ་ལགས་ཀྱིས། ད་ལོ་གཙོ་བོ་༸གོང་ས་མཆོག་གུང་ལོ་ ༩༠ ལ་ཕེབས་པ་དང་བསྟུན། བརྟན་བཞུགས་ཤིག་འབུལ་འདོད་ཀྱི་བསམ་བློ་ཡོད་ཀྱང་། བརྟན་བཞུགས་འབུལ་མཁན་མང་པོ་ཡོད་སྟབས། རྟེན་འབྲེལ་མཚོན་ཆེད་མཎྚལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་དང་རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་བོད་མི་མང་དང་འཛམ་གླིང་གི་ནོར་བུ་རེད། དེ་ལྟ་བུའི་ནོར་བུའི་ནོར་བུ་ང་ཚོར་ཡོད་པ་ཤེས་ནས་བོད་མི་ཚང་མས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་སྨོན་ལམ་གདབ་རྒྱུ་གལ་ཆེན་པོ་ཡིན་པ་གསུང་གི་འདུག

དེ་མིན་ཨོ་སི་ཊི་ལི་ཡ་ནས་ཕེབས་པའི་རྒྱ་གར་གི་དམག་དཔོན་ཟུར་པ་ཏ་རན་སིངྒ་(Taran Singh) ལགས་ཀྱིས། ༸གོང་ས་མཆོག་མཇལ་བའི་རྗེས་སུ་སེམས་བག་ཕེབས་ཀྱི་ཚོར་སྣང་བྱུང་ལ། ཁོང་དེ་སྔ་རྒྱ་གར་བོད་མིའི་དང་སློབ་དམག་སྒར་དུ་ཕྱག་ལས་གནང་མྱོང་ཡོད་སྟབས། བོད་མི་རྣམས་དང་སེམས་ཐག་ཉེ་པོ་ཡོད་ལ། ད་ཐེངས་མགོན་ཆེད་མངགས་མགོན་པོ་མཆོག་མཇལ་ཁ་ཞུ་བར་རྡ་རམ་ས་ལར་ཕེབས་པ་ཡིན་ཞེས་གསུངས་བྱུང་།

གཞི་རྩའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཕྱི་ནང་གི་དད་ལྡན་པར་ཐུགས་བརྩེ་ཆེན་པོས་མཇལ་ཁ་སྩལ་གྱི་ཡོད་པ་བཞིན། དེ་རིང་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་དང་། ཤར་སྤྲུལ་རིན་པོ་ཆེ། དགེ་བཤེས་ལྷུན་གྲུབ་བཟོད་པ་རིན་པོ་ཆེ་གཙོས་པའི་ཕྱི་ནང་གི་དད་ལྡན་པ་ ༤༣༠ ལྷག་ལ་མཇལ་ཁ་སྩལ་འདུག 

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎