༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག

2025.05.09
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝིཡེཏ་ནམ་དགེ་སློང་རྣམས་ལ་མཇལ་ཁ་སྩལ་སྐབས། ༢༠༢༥།༠༥།༠༩ ཉིན།
OHHDL

ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༩ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མང་མཇལ་སྩལ་གནང་མཛད་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་ཚོར། ད་ལྟའི་ཆར་ང་ཚོའི་གནས་སྟངས་དཀའ་ཁག་ཅན་དུ་ལྷུང་ཡོད་ཀྱང་། སེམས་ཤུགས་ནམ་ཡང་མ་ཆག་པར་ཧུར་ཐག་བྱ་དགོས་ཤིང་། ལྷག་པར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱ་དགོས་ཞེས་བཀའ་སྩལ་མཛད་འདུག

WhatsApp Image 2025-05-09 at 1.56.24 PM.jpeg
ཝིཡེཏ་ནམ་དགེ་སློང་རྣམས་མཇལ་ཁ་གྲུབ་མཚམས། ༢༠༢༥།༠༥།༠༩ ཉིན།/Tenzin Woser

གཞན་ཡང་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་སྩལ་གནང་མཛད་པའི་ཁྲོད། ཝིཡེཏ་ནམ་གྱི་གྲགས་ཆེ་བའི་ནང་པའི་དགེ་སློང་ (Thich Minh Tue) ལགས་དང་ལྷན་དུ་ཝིཡེཏ་ནམ་ནས་རྒྱ་གར་བར་གོམ་བགྲོད་བསྐྱོན་ཏེ་ཕེབས་མཁན་དགེ་སློང་བཅུ་གཉིས་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།

དེ་ཡང་ཐེངས་འདིའི་ཝིཡེཏ་ནམ་གྱི་མཇལ་བཅར་བའི་དགེ་འདུན་པ་ཚོ་སྣེ་ཁྲིད་གནང་མཁན་ (Van Pham) ལགས་ཀྱིས། ཁོང་རྒྱ་གར་དུ་སླེབས་ཐེངས་དང་པོ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་བྱུང་བ་ཡང་ཐེངས་དང་པོ་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། ཐེངས་འདིར་མགོན་པོ་མཆོག་གི་ཞལ་མཇལ་ཐོབ་པརཧ་ཅང་བསོད་ནམས་ཆེན་པོ་དང་བྱིན་རླབས་ཆེན་པོ་བྱུང་ཞེས་དང་། བོད་མི་རྣམས་ལ་མགོན་པོ་མཆོག་ལྟ་བུའི་དབུ་ཁྲིད་རྩ་ཆེན་ཞིག་ཡོད་པ་ནི་ཧ་ཅང་བསོད་ནམས་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག མ་ཟད་ཁོང་གིས་ཐེངས་འདིའི་མཇལ་ཁའི་སྐབས་དམིགས་སུ་མགོན་པོ་མཆོག་ལ་དགེ་འདུན་པ་རྣམས་ངོ་སྤྲོད་ཞུ་རྒྱུ་མ་བྱུང་ཡང་མགོན་པོ་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་བ་ཙམ་གྱིས་དུས་གོ་སྐབས་རྩ་ཆེན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་ལ། དགེ་འདུན་པ་ (An Lac) ལགས་ཀྱིས། ཐེངས་འདིར་མགོན་པོ་མཆོག་གི་ཞལ་མཇལ་ཐོབ་པར་ཞི་བདེ་དང་ཧ་ཅང་སྐྱིད་སྣང་ལྡན་པ། དེ་བཞིན་བདེ་འཇགས་ཚོར་སྣང་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་འདི་ག་རླུང་འཕྲིན་ཁང་ནས་ཝིཡེཏ་ནམ་གྱི་དགེ་སློང་ (Minh Thien) ལགས་སུ་ཉེ་ལམ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་དོགས་གཞིའི་འོག་ཝིཡེཏ་ནམ་ནང་སྐུ་གཤེགས་པའི་གནད་དོན་ཐད་བསམ་ཚུལ་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། དགེ་འདུན་པས་ཆོས་ཁྲིམས་གཙང་མ་སྲུང་དགོས་པའི་རྐྱེན་གྱིས་སྤྱི་ཚོགས་དྲ་རྒྱ་སོགས་ལ་དོ་སྣང་གནང་རྒྱུ་བྱུང་མེད་ཀྱང་། ད་ཆ་གནས་ཚུལ་ཤེས་རྟོགས་བྱུང་ནས་ནང་པའི་དགེ་འདུན་པ་ཞིག་ལ་གནད་དོན་དེ་འདྲ་འཕྲད་པ་བློ་ཕམ་བྱུང་ཞེས་གསུངས་ཀྱི་འདུག

རྩ་བའི་ཐེངས་འདིར་བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་མཁན་གྱི་དགེ་འདུན་པ་རྣམས་ནི། ཝིཡེཏ་ནམ་ནང་རང་དབང་ལྡན་པའི་ཐོག་ནང་ཆོས་ཉམས་ལེན་བྱས་པར་ཝིཡེཏ་ནམ་གཞུང་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་བརྟེན། ཟླ་ཤས་རིང་རྒྱ་གར་དུ་ནང་ཆོས་དང་སྒོམ་སྒྲུབ་ཀྱི་ཉམས་ལེན་གནང་ཆེད་ཕེབས་པ་ཞིག་རེད་འདུག་ཅིང་། ཁོང་རྣམས་ཀྱིས་ཕྱིས་སུ་གནས་སྟངས་ཇི་ཆགས་མིན་ནི་མཐོང་མཆན་དུས་འགྱངས་བྱུང་མིན་ལ་རགས་ལས་ཡོད་པ་གསུངས་ཀྱི་འདུག

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།









བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎