ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག

2025.05.09
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་རུ་རྒྱལ་དར་གཡོ་བཞིན་པ། ༢༠༢༣།༦།༡༢
Reuters

ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་དང་། རྒྱ་ནག་གཞུང་གི་དོ་དམ་འོག་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེཊ་ནམ་དུ་དོགས་གཞི་ཆེན་པོའི་འོག་གློ་བུར་འདས་གྲོངས་སུ་གྱུར་བར་རང་དབང་ལྡན་པའི་རྟོག་ཞིབ་དགོས་པ་སོགས་ཀྱི་དོན་ཚན་དགུ་ཅན་གྱི་གྲོས་ཆོད་ཞིག་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༨ ཉིན་ཡུ་རོབ་གྲོས་ཚོགས་ཀྱིས་བོད་ནང་གི་ཆོས་དད་རང་དབང་དང་འབྲེལ་བའི་གྲོས་ཆོད་གལ་ཆེ་གཏན་འབེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་དང་། ལྷག་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་བརྒྱུད་བོད་མིའི་ངོ་བོ་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ཐུགས་འཚབ་བསྟན་པའི་ཁར། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོར་སྲིད་དོན་བཀའ་ཆད་བཅད་དགོས་པ་གསུང་འདུག

ཡུ་རོབ་གྲོས་ཚོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་དང་། བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་གཏན་འབེབས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དགའ་བསུ་དང་སྦྲགས། ཡུ་རོབ་གྲོས་ཚོགས་ལྟ་བུས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་བརྟེན་དྲག་གནོན་མྱོང་བཞིན་པའི་བོད་མི་ཚོར་རེ་བ་སྤྲོད་ཀྱི་ཡོད་ལ། འབྱུང་འགྱུར་ཡང་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག

གཞན་ཡང་གྲོས་ཆོད་དེའི་ནང་ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་གི་དོ་དམ་འོག་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེཊ་ནམ་དུ་དོགས་གཞི་ཆེན་པོའི་འོག་གློ་བུར་འདས་གྲོངས་སུ་གྱུར་བ་མ་ཟད། རིན་པོ་ཆེ་མཆོག་གི་ནང་མི་སྐུ་འཁོར་ལྷན་རྒྱས་ཀྱི་མོས་མཐུན་མེད་པར་སྐུ་ཕུང་ཞུགས་འབུལ་བྱས་པའི་གནད་དོན་ཐོག་རང་དབང་ལྡན་པའི་ཐོག་ནས་རྟོག་ཞིབ་ཀྱིས། ཉེས་ཅན་པ་རྣམས་ལ་དེའི་འགན་ཁུར་འཇུག་དགོས་པ་གསུངས་འདུག

ཕྱོགས་མཚུངས་ཡུ་རོབ་གྲོས་ཚོགས་ནས་ཡུ་རོབ་མཐུན་ཚོགས་དང་ཁྱབ་ཁོངས་ཡུ་རོབ་རྒྱལ་ཁབ་ཁག་ནས་རྒྱ་ནག་དང་ཝི་ཡཏ་ནཱམ་གཞུང་དང་འབྲེལ་བ་ནམ་བྱུང་ལ་གོང་ཞུས་གནད་དོན་ཐོག་གླེང་སློང་དང་། ལྷག་པར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གློད་བཀྲོལ་ཡོང་སླད་ཞུ་སྐུལ་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་འདུག

བོད་དོན་ལ་རྒྱབ་སྐྱོར་གནང་བའི་གྲོས་ཆོད་དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཆེ་ཁག་ལྔ་ཐུན་མོང་ནས་བསྣམས་ཕེབས་པ་ཞིག་ཡིན་པ་དང་། གྲོས་ཆོད་དེའི་ཐོག་གྲོས་ཚོགས་འཐུས་མི་གྲངས་ ༤༧༨ ནས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་སུ་ཚད་མཐོའི་མང་མོས་ཀྱི་སྒོ་ནས་གཏན་འབེབས་གནང་འདུག

WhatsApp Image 2025-05-09 at 14.57.10_9a10b8b4.jpg
གྲོས་ཆོད་དེར་ཐོག་གྲོས་ཚོགས་འཐུས་མི་གྲངས་ ༤༧༨ ནས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་སུ་ཚད་མཐོའི་མང་མོས་ཀྱི་སྒོ་ནས་གཏན་འབེབས་གནང་འདུག

གྲོས་ཆོད་གྲོས་འཆར་དེའི་བགྲོ་གླེང་མཐའ་མའི་སྐབས་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་མ་ཧི་ཀལ་མེག་ག་རཐ་ (Michael McGrath) མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་ནས་ཐེ་བྱུས་མི་ཡོང་བའི་རེ་སྐུལ་དང་སྦྲགས། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བའི་གནད་དོན་ཐད་རང་དབང་སྒོ་ནས་རྟོག་ཞིབ་འཐུས་ཚང་ཡོང་བའི་སྐུལ་དེད་གནང་འདུག

གཞན་ཡང་ཉེ་ལམ་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༣༠ ཉིནཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གཉིས་ཀྱིས་ཀྱང་། རྒྱ་ནག་གཞུང་གི་ཤུགས་རྐྱེན་འོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེཊ་ནམ་དུ་དོགས་གཞི་ཆེན་པོའི་འོག་འདས་གྲོངས་གྱུར་བར། རྒྱ་ནག་དང་ཝེཊ་ནམ་གཞུང་གཉིས་ནས་ཞིབ་འཇུག་ཚད་ལྡན་གྱིས་གནད་དོན་གསལ་བཤད་དགོས་པ་བསྒྲགས་ཡོད་པ་རེད།།

གསར་འགོད་པ། རྡོ་རྗེ་སྒྲོལ་མ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎