ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཆུང་གཉིས་ཀྱིས་རྒྱ་ནག་དང་ཝེཊ་ནམ་གཞུང་ལ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་འདས་རྐྱེན་ལ་རང་དབང་ལྡན་པའི་ཞིབ་འཇུག་གིས་གྲུབ་དོན་ཕྱི་གསལ་ནང་གསལ་བཟོ་དགོས་པ་བསྒྲགས་འདུག

2025.04.30
ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཆུང་གཉིས་ཀྱིས་རྒྱ་ནག་དང་ཝེཊ་ནམ་གཞུང་ལ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་འདས་རྐྱེན་ལ་རང་དབང་ལྡན་པའི་ཞིབ་འཇུག་གིས་གྲུབ་དོན་ཕྱི་གསལ་ནང་གསལ་བཟོ་དགོས་པ་བསྒྲགས་འདུག ཡུ་རོབ་གྲོས་ཚོགས་ཀྱི་ཁང་པའི་བཀོད་པ་དང་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་པར་སྒྲིག་བཟོ།
Reuters

ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གཉིས་ཀྱིས། ཉེ་ལམ་རྒྱ་ནག་གཞུང་གི་ཤུགས་རྐྱེན་འོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེཊ་ནམ་དུ་དོགས་གཞི་ཆེན་པོའི་འོག་འདས་གྲོངས་གྱུར་བར། རྒྱ་ནག་དང་ཝེཊ་ནམ་གཞུང་གཉིས་ནས་ཞིབ་འཇུག་ཚད་ལྡན་གྱིས་གནད་དོན་གསལ་བཤད་དགོས་པ་བསྒྲགས་འདུག

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༤ ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མི་ནིར་ས་ཏོ་རི་ (MEP Mounir Satouri) མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེན་གིན་ཨེ་རོག་ལུ་ (MEP Engin Eroglu) མཆོག་ཟུང་སྦྲེལ་གྱིས་ཉེ་ལམ་ཝེ་ཊི་ནམ་དུ་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་དོགས་གཞི་ལྡན་པའི་ངང་འདས་གྲོངས་སུ་གྱུར་བར། རྒྱ་ནག་དང་ཝེཊ་ནམ་གཞུང་ཚབ་ཁང་གཉིས་ལ་ཡིག་འབྲེལ་བརྒྱུད་རིན་པོ་ཆེའི་འདས་རྐྱེན་གང་ཡིན་རང་དབང་ལྡན་པའི་ཞིབ་འཇུག་བྱས་ཏེ་གྲུབ་དོན་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གཉིས་ཀྱི་ཚོགས་གཙོ་ཟུང་སྦྲེལ་ནས་རྒྱ་ནག་གཞུང་ཚབ་ཁང་ལ་ཡིག་འབྲེལ་བརྒྱུད། སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་དོགས་གཞི་ལྡན་པའི་ངང་འདས་གྲོངས་སུ་གྱུར་བའི་གནད་དོན་ལ་ཞིབ་འཇུག་ནན་གཏན་གྱིས་གྲུབ་འབྲས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་འབོད་སྐུལ་དང་སྦྲགས། ཚོགས་ཆུང་གཉིས་ནས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་འདས་གྲོངས་སུ་གྱུར་བར་ཐུགས་ཕམ་དང་། ཁོང་གི་སྐུ་ཕུང་ནང་མིས་མོས་མཐུན་པའི་མེད་པའི་ཐོག་ཞུགས་འབུལ་བྱས་པར་ཐུགས་འཚབ་བསྟན་ཡོད་སྐོར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་བཞིན་ཁོང་གིས་མུ་མཐུད་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མི་ནིར་ས་ཏོ་རི་ (MEP Mounir Satouri) མཆོག་གིས་ཡིག་འབྲེལ་དེ་མཚུངས་ཤིག་ཝེཊ་ནམ་གཞུང་ཚབ་ཁང་ལའང་བཏང་ཡོད་པ་གསུང་གི་འདུག

གཞི་རྩའི་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཟླ་ ༣ པའི་ཚེས་ ༢༥ ཉིན་ཝེཊ་ནམ་གྱི་སའི་གོན་ (Saigon) གྲོང་ཁྱེར་དུ། རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་དང་ཝེཊ་ནམ་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་གྱིས་ཉིན་ཤས་རྗེས། གློ་བུར་རྒྱུ་རྐྱེན་གསལ་བཤད་གང་ཡང་མེད་པར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་སྐུ་ཕུང་གསང་སྟབས་ཀྱིས་ཝིཡེཏ་ནམ་ནང་ཞུགས་འབུལ་བྱས་ཏེ་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།

སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་ཝེཊ་ནམ་དུ་དོགས་གཞི་ཆེན་པོའི་འོག་འདས་གྲོངས་གྱུར་བ་མ་ཟད། ཁོང་གི་སྐུ་ཕུང་གསང་རྒྱ་དམ་པོའི་ངང་ཞུགས་འབུལ་བྱས་ཤིང་། གང་ཉིད་འདས་གྲོངས་སུ་གྱུར་རྐྱེན་གང་ཡིན་གསལ་བཤད་མ་བྱས་པར་བརྟེན། བོད་མིའི་སྒྲིག་འཛུགས་ཐེ་བའི་བོད་དོན་རྒྱབ་སྐྱོར་བ་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྒེར་མང་པོས་རྒྱ་ནག་གཞུང་གི་དབང་ཤུགས་འོག་རིན་པོ་ཆེ་འདས་གྲོངས་སུ་གྱུར་བར་བློ་འཚབ་དང་སྦྲགས། རྒྱ་ནག་དང་ཝེཊ་ནམ་གཞུང་གིས་འདས་རྐྱེན་གང་ཡིན་གསལ་བཤད་དགོས་པའི་འབོད་སྐུལ་དང་ངོ་སྒོལ་སྐད་འབོད་བྱས་ཡོད་ལ། ལྷག་པར་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་རྒྱ་ནག་གི་དབང་ཤུགས་འོག་ཝེཊ་ནམ་དུ་འཛིན་བཟུང་རྗེས་འདས་གྲོངས་སུ་གྱུར་བ་ནི་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་པ་ཞིག་ཡིན་པ་ར་སྤྲོད་ཞུ་གཏུག་བྱས་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎