ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་སྒྲོམ་གཞི་བསྐྱར་སྒྲིག་ཁྲོད། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཕྱི་སྲིད་དྲུང་ཆེའི་ཐད་ཀར་འོག་ལས་གནས་བསྐོ་བཞག་ཡོང་བའི་འབོད་སྐུལ་གནང་འདུག

2025.05.05
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་སྒྲོམ་གཞི་བསྐྱར་སྒྲིག་ཁྲོད། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཕྱི་སྲིད་དྲུང་ཆེའི་ཐད་ཀར་འོག་ལས་གནས་བསྐོ་བཞག་ཡོང་བའི་འབོད་སྐུལ་གནང་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་དང་བོད་ཀྱི་རྒྱལ་དར་སྒྲིག་བཟོ།
Reuters

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཱར་ཁོ་རུ་བྷེའོ་ (Marco Rubio) ལགས་ཀྱིས་ཟླ་ ༤ ཚེས་ ༢༢ ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྒྲོམ་གཞི་བསྐྱར་སྒྲིག་འོག དམངས་སྤྱོད་ཉེན་སྲུང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་དྲུང་གཞོན་ས་མིག་ཕྱིར་བསྡུ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་ཅིང་། རྒྱུན་ལྡན་དྲུང་གཞོན་ལས་གནས་དེ་ཉིད་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་སྲོལ་ཡོད།  

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྒྲིག་འཛུགས་སྒྲོམ་གཞི་བསྐྱར་སྒྲིག་གནང་བཞིན་པའི་ཁྲོད། བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྡེ་ཚན་གང་གི་འོག་བསྐོ་བཞག་གནང་མིན་ཐད་གསལ་ཁ་མེད་པའི་གནས་སུ་ལྷུང་བའི་སྐབས་འདིར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་གཞུང་གི་དཔོན་རིགས་དང་། གྲོས་ཚོགས་འཐུས་མི་རྣམ་པ་དང་མཇལ་འཕྲད་ཞུ་གཏུག་སྐབས་ཕྱི་སྲིད་ལས་ཁུངས་ཀྱི་སྒྲོམ་གཞི་གསར་པའི་འོག་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཕྱི་སྲིད་དྲུང་ཆེའི་ཐད་ཀར་འོག་ཏུ་བསྐོ་བཞག་ཡོང་བའི་རེ་སྐུལ་གནང་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ (Brian Mast) དང་གྲོས་ཚོགས་འོག་མའི་འཐུས་མི་ (Michael McCaul) རྣམ་གཉིས་མཇལ་འཕྲད་སྐབས། ད་ལྟའི་འཛམ་གླིང་འདིའི་ཐོག་ཆབ་སྲིད་ཀྱི་འགྱུར་ལྡོག་ལ་གཞིགས་པའི་བོད་དོན་ལ་གཏན་འཇགས་དང་། སྒྲོམ་གཞི་ལྡན་པའི་རྒྱབ་སྐྱོར་དགོས་གལ་ཆེ་བའི་སྐོར་ནན་བརྗོད་གནང་ཡོད་པ་དང་སྦྲགས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་དགོས་པའི་གནད་དོན་དང་འབྲེལ། བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་རྒྱུ་ནི་ཐབས་བྱུས་ཀྱི་ཐོག་ནས་གནད་འགག་ཆེ་བས་ཐད་ཀར་ཨ་རིའི་ཕྱི་སྲིད་དྲུང་ཆེའི་འོག་ཏུ་ལས་གནས་བསྐོ་བཞག་ཡོང་བའི་འབོད་སྐུལ་ཞུས་འདུག 

ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་ཨ་རིའི་ཕྱི་འབྲེལ་ཐབས་བྱུས་དང་མཐུན་པའི་ཐོག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ནི་ཨ་རི་གཞུང་ལ་བོད་དོན་ཞུ་གཏུག་བྱ་སའི་བརྒྱུད་ལམ་དུ་གྱུར་ཡོད་པ་ལྟར། དེ་སྔ་ནས་འབྲེལ་མཐུད་པ་རིམ་པ་ཕེབས་ཏེ་བོད་དོན་ལ་ཕན་ཐོགས་བྱུང་ཡོད། ལས་གནས་དེ་ཉིད་མུ་མཐུད་གནས་ཐབས་སུ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འབྲེལ་བ་དང་ཞུ་གཏུག་བྱས་ཏེ་ཤུགས་རྒྱག་དགོས་ལ། ཨ་རི་གཞུང་ནས་ཀྱང་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་མུ་མཐུད་བཞག་ནས་འབྲེལ་མཐུད་པ་བསྐོ་བཞག་ཡོང་བའི་རེ་བ་ཞུ་གི་ཡོད་ཅེས་དང་། གཞན་ཡང་ཁོང་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་བཞིན་ཞུ་གཏུག་རིམ་པ་བྱས་འབྲས་སུ་ཨ་རི་གཞུང་གིས་གཙུགས་གནང་བ་ཞིག་ཡིན་པ་དང་། དེ་ཉིད་ཨ་རི་གཞུང་དང་བོད་དོན་བར་འབྲེལ་བ་མཐུད་མཁན་ཞིག་ཏུ་གྱུར་ཡོད་པ་གསལ་སྟོན་གནང་ཡོད།

དེ་འབྲེལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་སྲིད་བྱུས་དང་ལས་ཁུངས་ཁག་ལ་འགྱུར་བ་ཆེན་པོ་གཏོང་བཞིན་ཡོད་ནའང་། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་དེ་ཉིད་མུ་མཐུད་འཇོག་གནང་ཡོང་བ་དང་། ལྷག་པར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་ཡོད་ན། བོད་མི་རྣམས་བློ་བདེ་བ་དང་ནུས་པ་འཕར་མ་ཐོན་ངེས་ཡིན་ཞིང་། གལ་ཏེ་དེ་ལྟ་བུའི་ལས་ཁུངས་དེ་མེད་ན། བོད་དོན་ཞུ་གཏུག་གི་བརྒྱུད་ལམ་ལ་དོ་ཕོག་འགྲོ་གཞི་ཡོད་པས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་གསུངས་ཡོད། ། 

གསར་འགོད་པ། རྡོ་རྗེ་སྒྲོལ་མ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎