༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢ ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་རིགས་ཚན་རིག་པ་དབར་གྱི་བགྲོ་གླེང་ཐེངས་གསུམ་པ་དེ་གནང་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། མགོན་པོ་གང་ཉིད་རྒྱ་གར་ལུང་པའི་ནང་བཙན་བྱོལ་དུ་བཞུགས་ཡུན་རིང་། རྒྱལ་ཁབ་འདྲ་མིན་གྱི་མཁས་པ་དང་ཚན་རིག་པ་རྣམས་དང་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་ཡོད་སྐོར་བཀའ་སྩལ་དང་སྦྲགས། མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ནི། རྒྱ་ནག་ནང་ནང་ཆོས་ལ་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། གང་ལྟར་ཚང་མས་ཀུན་སྤྱོད་བཟང་པོ་དང་སེམས་བཟང་པོ། མཐུན་ལམ་ངང་མཉམ་གནས་ཐུབ་རྒྱུ་དེ་ཡིན་ཞེས་བཀའ་སྩལ་མཛད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད། འཛམ་གླིང་འདིའི་ཐོག་གནས་སྡོད་མི་ཚང་མར་ཞི་བདེ་དགོས་ཡོད་ཅིང་དེའི་གཞི་རྩ་ནི་སེམས་ཞི་བདེ་དང་། སེམས་ཞི་བདེ་ཡོང་ན་འཛམ་གླིང་ཞི་བདེ་ཡོང་ཐུབ་ཅེས་བཀའ་སྩལ་མཛད་འདུག དེ་རྗེས་མགོན་པོ་མཆོག་གིས་རྒྱ་རིགས་ཚན་རིག་པ་རྣམས་ཀྱི་བཀའ་འདྲི་ཁག་ལ་བཀའ་ལན་གནང་ཡོད་འདུག
གཞན་ཡང་ཐེངས་འདིར་་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨི་ཊ་ལི་དང་འཇར་མ་ནིའི་གཞུང་ཚབ་མི་སྣ་ཁག་གཅིག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཇར་མ་ནིའི་གཞུང་ཚབ་ཁང་གི་དཔལ་འབྱོར་ལས་དོན་གྱི་སློབ་སྟོན་པ་ (Stephen Hesselmann) ལགས་ཀྱིས། ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཞལ་མཇལ་བྱུང་བར་བྱིན་རླབས་ཐོབ་ཆེ་ཞིང་གཟི་བརྗིད་ལྡན་པའི་ཚོར་བ་བྱུང་ཞེས་དང་། གོ་སྐབས་དེ་ལྟ་བུ་ཐོབ་པར་བཀའ་དྲིན་པོ་ཆེན་པོ་ཚོར་གྱི་འདུག་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་མཇལ་བཅར་བའི་ཁོངས་ལྡི་ལིར་བཅའ་སྡོད་གསར་འགོད་པ་ (Binny Yadav) ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་དང་བྱིན་རླབས་ཞུ་རྒྱུ་ནི་ཡུན་རིང་གི་རེ་འདུན་ཞིག་ཡིན་པས་དེ་རིང་རེ་འདུན་དངོས་སུ་གྲུབ་པའི་ཚོར་བ་བྱུང་སྐོར་འགྲེལ་བརྗོད་དང་སྦྲགས། ཁོང་རང་ཉིད་ཀྱང་བདག་ཉིད་ཆེན་པོ་གྷན་དྷིའི་ལྟ་གྲུབ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ཀྱི་དགོངས་གཞི་སོགས་དང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་བྱུང་།
གཞི་རྩའི་དེ་རིང་གི་མཇལ་ཁའི་ཁོངས་གཞུང་ཚབ་མི་སྣ་ཁག་གཙོས་པའི་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མཇལ་ཞུ་བ་ ༣༥ ཙམ་ཞིག་ལ་མཇལ་ཁ་སྩལ་གནང་མཛད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།