བོད་ཁྲི་འདུ་ཟིལ་དཀར་དགོན་གྱི་གྲ་གསུམ་འཛིན་བཟུང༌།
རྒྱ་ནག་གཞུང་གིས་བོད་ཀྱི་ཁྲི་འདུ་ཟིལ་དཀར་དགོན་པའི་དགེ་འདུན་པ་གསུམ་འཛིན་བཟུང་བྱས་ཡོད་པའི་སྐོར།
-
2012-02-17 -
-
-
༄༅།།རྒྱ་ནག་གཞུང་གིས་བོད་ཀྱི་ཁྲི་འདུ་ཟིལ་དཀར་དགོན་པའི་དགེ་འདུན་པ་གསུམ་འཛིན་བཟུང་བྱས་ཡོད་པའི་སྐོར་བོད་མི་དམངས་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད། དེ་ཡང་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་སུ་བོད་ནས་ཁ་པར་ཐོག་གནས་ཚུལ་ཁུངས་ལྡན་མཁོ་སྤྲོད་བྱས་ཡོད་ཅིང༌། ཁོང་གིས་གསུང་པར། ཁ་སང་ཉིན་གུང་ཙམ་ལ་ཁྲི་འདུ་རྫོང་ཟིལ་དཀར་དགོན་གྱི་མཁར་རོང་སྡེ་བ་ནས་ཡིན་པ། ཕ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་བུ་ཟིལ་དཀར་དགོན་པའི་དགེ་འདུན་པ་བསོད་ནམས་དགེ་བ་ལགས་དང༌། འབྲི་སྨད་སྡེ་པ་ནས་ཡིན་པའི་ཕ་བཀྲ་ཚེའི་བུ་ཟིལ་དཀར་དགོན་པའི་དགེ་འདུན་པ་བློ་བཟང་བསམ་གཏན་ལགས། དེ་བཞིན་གེ་ཤ་སྡེ་པ་ནས་ཡིན་པའི་ཕ་གཏེར་ཁུའི་བུ་ཟིལ་དཀར་དགོན་པའི་དགེ་འདུན་པ་བློ་བཟང་ཉི་མ་ལགས་གསུམ་ས་གནས་རྒྱ་མིའི་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བྱས་ཏེ་བཙན་ཁྲིད་བྱས་ཡོད་པ་དང༌། ད་ལྟའི་ཆར་ཁོང་གསུམ་ས་གནས་གང་དུ་བཀག་ཉར་བྱེད་བཞིན་ཡོད་མེད་ཀྱི་གནས་ཚུལ་རྩ་བ་ནས་ཤེས་རྟོགས་མེད་པ་གྱུར་ཡོད་པའི་འགྲེལ་བརྗོད་གནང་བཞག་
ད་དུང་ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། ཕྱི་ཟླ་གཉིས་པའི་ཚེས་བརྒྱད་ཉིན་ཁྲི་འདུ་རྫོང་གི་ཟིལ་དཀར་དགོན་པའི་དགེ་འདུན་པ་དང་ཉེ་འཁོར་གྱི་མི་དམངས་ཆིག་སྟོང་བཞི་རྒྱ་ཙམ་འདུ་འཛོམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་བྱ་དགོས། པན་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་འགྲོལ་གཏོང་དགོས། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་ཞུ་དགོས། བོད་མིའི་སྐད་ཡིག་ལ་ཐོངས་ཆེན་བྱེད་དགོས་ཞེས་རས་དཀར་པོའི་སྟེང་ཡི་གེ་ཚོད་གཞི་སྔོན་པོ་དང་དམར་པོས་བྲིས་པའི་ཕྲེད་དར་འཁྱེར་ཏེ།རྫ་སྟོད་གྲོང་བརྡལ་དུ་བསྐྱོད་སྐབས། རྒྱ་མིའི་དྲག་ཆས་དམག་མིས་བཀག་འགོག་བྱས་ཡོད་ཀྱང་དུས་ཡུན་ཚོུད་གསུམ་ལྷག་ཙམ་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་སྐོར་གསུང་བཞག