རྒྱ་ནག་གི་བོད་ཐོག་སྲིད་ཇུས་ལ་རྒྱལ་སྤྱིའི་ནང་ངོ་རྒོལ་སྤེལ་འདུག

བོད་མི་གནས་ཡོད་ཕྱི་རྒྱལ་རྒྱལ་ཁབ་མང་པོ་ཞིག་ནང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

༄༅༎ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེའི་མཛད་སྒོའི་ཉིན་བོད་མི་གནས་ཡོད་ཕྱི་རྒྱལ་རྒྱལ་ཁབ་མང་པོ་ཞིག་ནང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་བཞིན། བལ་ཡུལ་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་ནས། བོད་མི་༡༤༠༠ ལྷག་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་པའི་རྗེས། བལ་ཡུལ་ཉེན་རྟོག་པས་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དང་རྒྱ་ནག་གི་ཐོངས་མཆན་ཞུ་སའི་ལས་ཁང་བརྒྱུད་ཉེན་རྟོག་པ་ཕོན་ཆེན་བཀྲམ་ནས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་ན་ཡང༌། གཟའ་སྤེན་པའི་ཉིན་བོད་མི་ཚོས་མུ་མཐུད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ནས་བལ་ཡུལ་ཉེན་རྟོག་པས་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་ཁྲིས་སུ་བཅར་རྒྱུར་སྔོན་འགོག་གིས་ཉུང་ཐར་ཡང་བོད་མི་གསུམ་རྒྱ་ལྷག་འཛིན་བཟུང་དོ་དམ་བྱས་ཡོད་པ་དང༌། ཉེན་རྟོག་དཔོན་རིགས་ཐའ་པ་ཟེར་བས་བརྗོད་ན། འཛིན་བཟུང་དོ་དམ་བྱས་པའི་བོད་མི་དེ་དག་དགོང་དྲོ་གློད་འགྲོལ་གཏང་རྒྱུ་ཡིན་ལུགས་བཤད་ཡོད་པ་རེད། ངོ་རྒོལ་ནང་བཞུགས་མཁན་གྱི་བོད་མི་ཚོས་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་སྤེལ་བའི་དུས་སྐབས་དང་བསྟུན་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་རྡུང་རྡེག་མནར་གཅོད་བཏང་སྟེ་དྲག་གནོན་གྱི་སྲིད་ཇུས་འཛིན་བཞིན་པའི་ཐོག་རྒྱལ་སྤྱིའི་ཐོག་ནས་དོ་སྣང་མུ་མཐུད་ནས་གནང་སྟེ་བོད་ཀྱི་དཀའ་རྙོག་དེ་སེལ་ཐུབ་པའི་ཆེད་དུ་ཡིན་པ་གསུངས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org