རྒྱ་གཞུང་གིས་ཀརྟི་དགོན་པའི་གྲྭ་༣༠༠འཛིན་བཟུང་བྱས་པ།
ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་ཤག་རེ་རེ་བཞིན་དུ་ཞིབ་འཇུག་བྱས་པའི་མཐར་དགེ་འདུན་པ་སུམ་བརྒྱ་ལྷག་ཙམ་འཛིན་བཟུང་བྱས་པ།
-
2011-04-23 -
-
-
༄༅༎དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་ ༢༡ ཉིན་གྱི་མཚན་མོའི་ཆུ་ཚོད་ ༩ པ་ཙམ་དུ་རྒྱ་གཞུང་གིས་དྲག་ཆས་དམག་དཔུང་དང༌། ཉེན་རྟོག་མི་སྣ། དེ་བཞིན་ཐུའེ་ཅིན་ཟེར་བའི་དམིགས་བསལ་ཉེན་རྟོག་དམག་མི་བཅས་པ་ཕོན་ཆེ་དགོན་པར་འགྲེམ་འཇོག་གིས། གྲྭ་ཤག་རེ་རེ་བཞིན་དུ་ཞིབ་འཇུག་བྱས་པའི་མཐར། དགེ་འདུན་པ་སུམ་བརྒྱ་ལྷག་ཙམ་འཛིན་བཟུང་གིས་སྤྱི་སྤྱོད་རླང་འཁོར་ཆེ་བ་བཅུ་གྲངས་ནང་བླུགས་ནས་ས་གནས་གཞན་དུ་བཙན་འཁྲིད་བྱས་ཡོད་པ་དང༌། ས་གནས་ཡུལ་མི་ཚོས་གོ་ཐོས་བྱུང་བར་བྱས་ན། འཛིན་བཟུང་བྱས་པའི་དགེ་འདུན་པ་རྣམས་རྔ་པ་རང་སྐྱོང་ཁུལ་གྱི་ཝུན་ཁྲན་རྫོང་དང་། མོང་འུན་རྫོང༌། བཀྲ་ཤིས་གླིང་བཅས་པར་འཁྲིད་ཡོད་འདུག
ཀིརྟི་བྱེས་པ་གྲྭ་ཚང་གིས་སྤེལ་བའི་གནས་ཚུལ་ནང་མུ་མཐུད་གསལ་བར་བྱས་ན། དེ་ཉིན་རྒྱ་གཞུང་གི་ཉེན་རྟོག་དཔུང་དམག་ནས། དགེ་འདུན་པ་རྣམས་འཛིན་བཟུང་བཙན་འཁྲིད་བྱེད་སྐབས། ཟླ་བ་འདིའི་ཚེས་ ༡༢ ནས་བཟུང་དགེ་འདུན་པ་རྣམས་སྲུང་སྐྱོབ་བྱ་རྒྱུའི་ཆེད། ཀིརྟི་དགོན་པའི་གླིང་མདོའི་ལམ་ཆེན་དུ་ཉིན་མཚན་མེད་པར་གནས་སྡོད་མཁན་མི་མང་ཉིས་བརྒྱ་ཡས་མས་ཤིག་ཡོད་པ་རྣམས་ཀྱིས་བཀག་འགོག་བྱས་པར། རྒྱ་གཞུང་གི་དམག་མིས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་རྡུང་རྡེག་དྲག་པོ་བཏང་སྟེ། རང་ལོ་དྲུག་ཅུར་སོན་པའི་དོན་ཁོག་དང༌། རང་ལོ་དྲུག་ཅུ་རེ་ལྔར་སོན་པའི་ཤེར་སྐྱིད་ཞུ་བ་གཉིས་རྐྱེན་ལམ་དུ་བཏང་ཡོད་པ་དང༌། གཞན་མང་པོའི་རྐང་ལག་བཅག་པ། དེ་བཞིན་སྐད་ཤུགས་ཆེན་པོའི་ངོ་འབོད་བྱེད་མཁན་ཚོའི་ཁ་ནང་རས་བརྫངས་ཏེ་ཁ་བཀག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་མ་ཟད། ཚེས་ ༢༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ། དེའི་གོང་གི་ཉིན་མོར་དགེ་འདུན་པ་རྣམས་འཛིན་བཟུང་བྱེད་སྐབས་དང་གཅིག་མཚུངས་ཀྱི་སྤྱི་སྤྱོད་རླངས་འཁོར་ཆེ་བ་ལྔ་དགོན་པའི་ནང་བསྐྱར་དུ་སླེབས་ཡོད་པར་བརྟེན། དེ་ཉིན་ཡང་དགེ་འདུན་པ་མང་པོ་འཛིན་བཟུང་བྱ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པའི་གནས་ཚུལ་བཀོད་འདུག།