བལ་ཡུལ་ནང་བོད་མི་ལྔ་བརྒྱ་ཙམ་འཛིན་བཟུང་བྱས་འདུག
བལ་ཡུལ་ནང་གི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་བོད་མི་ལྔ་བརྒྱ་ཙམ་བལ་པོའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
-
2008-06-21 -
-
-
༄༅༎བོད་ཀྱི་རྒྱལ་ས་ལྷ་སར་པེ་ཅིང་ཨོ་ལིམ་པིག་གི་དཔལ་འབར་བསྐོར་བསྐྱོད་བྱས་པར་བརྟེན་ བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་ བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་ བོད་མི་ལྔ་བརྒྱ་ཙམ་བལ་པོའི་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད།
བོད་ནང་འདི་ལོ་ཕྱི་ཟླ་གསུམ་པ་ནས་འགོ་བཙུགས་ཏེ་ བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་གནས་ཚུལ་བྱུང་བ་ནས་བཟུང་ བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་ཧ་ལམ་ཉིན་ལྟར་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་ ཡང་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སོགས་ཀྱི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་དང་ བལ་པོའི་ཉེན་རྟོག་པས་ངོ་རྒོལ་གནང་མཁན་དེ་དག་འཛིན་བཟུང་བྱས་ནས་དོ་དམ་ཁང་ཁག་གི་ནང་འཁྲིད་སྟེ་ མང་ཆེ་བ་ཆུ་ཚོད་འགའ་ཤས་ཀྱི་ནང་གློད་བཀྲོལ་བཏང་བ་བཞིན་ དེ་རིང་འཛིན་བཟུང་བྱས་པའི་མི་དེ་དག་ཀྱང་ཕྱི་དྲོ་གློད་འགྲོལ་གཏང་རྒྱུ་ཡིན་ལུགས་ཉེན་རྟོག་པའི་དཔོན་པོ་ རཱ་མེཤ་ཐ་པས་ ཕཱ་རན་སི་གསར་སྤེལ་ལས་ཁང་ལ་འགྲེལ་བརྗོད་བྱས་འདུག
དེ་རིང་ངོ་རྒོལ་ནང་བཞུགས་མཁན་མང་ཆེ་བ་ དགེ་འདུན་པ་དང་བཙུན་མ་དེ་བཞིན་བུད་མེད་ཡིན་འདུག་པ་དང་ ཁོང་ཚོས་བོད་ཀྱི་རྒྱལ་དར་འཕྱར་སྟེ་ རྒྱ་མི་བོད་ནས་ཕྱིར་རྒྱུགས་ཤིག བོད་ལ་རང་དབང་དགོས་ཞེས་སོགས་ཀྱི་འབོད་ཚིག་ཤུགས་ཆེ་བསྒྲགས་ཡོད་འདུག་ལ་ ཉེན་རྟོག་པས་འཛིན་བཟུང་བྱས་ནས་འཁྲིད་འགྲོ་བའི་བེུད་ཚེ་རིང་ཟེར་བ་ཞིག་གིས་ བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་མིན་སྟབས་ རྒྱ་ནག་གཞུང་ལ་ཨོ་ལིམ་པིག་གི་དཔལ་འབར་བོད་ནང་འཁྱེར་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་ཅེས་དང་ ཡང་ལོ་ན་ཉི་ཤུ་རྩ་བཞི་ཡིན་པ་བསོད་ནམས་ཟེར་བ་ཞིག་གིས་ ཨོ་ལིམ་པིག་རྒྱ་ནག་ཏུ་ཚུགས་འཇུག་རྒྱུ་དེ་མ་འགྲིག་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།