རྒྱལ་ཁབ་བརྒྱད་ཅུའི་དཔོན་རིགས་པེ་ཅིང་དུ་ཕེབས་འབྱོར་བྱུང་བ།

རྒྱ་གཞུང་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་རྒྱལ་ཁབ་བརྒྱད་ཅུ་ཙམ་གྱི་དཔོན་རིགས་པེ་ཅིང་དུ་ཕེབས་འབྱོར་གནང་བ།

༄༅༎རྒྱ་ནག་གཞུང་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕྱི་རྒྱལ་ཡུལ་གྲུ་མང་པོ་ཞིག་གི་དཔོན་རིགས་གདན་ཞུ་གནང་ཡོད་པ་བཞིན་ རྒྱལ་ཁབ་༨༠ ཙམ་གྱི་དཔོན་རིགས་པེ་ཅིང་དུ་ཕེབས་འབྱོར་གནང་ཡོད་པ་དང༌། ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོའི་སྐབས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་ཡིས་གཡས་གཡོན་དུ་རྒྱལ་ཁབ་སུའི་དཔོན་རིགས་བཞུགས་ས་བཀོད་སྒྲིག་བྱས་ཡོད་པའི་ཐོག་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང༌། རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོ་མ་ཚུགས་སྔོན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་དཔོན་རིགས་རྣམ་པ་ཚོར་གསོལ་སྟོན་གྱི་སྣེ་ལེན་ཞུས་ཡོད་པ་དང༌། དེའི་སྐབས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་ཡིས་གཞོགས་གཅིག་ལ་ཁོང་གི་སྐུ་ཟླ་དང་གཞོགས་གཞན་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལྷན་ཁང་གི་འགན་འཛིན་ ཇའག་རོ་གེ་ སྐུ་མགྲོན་གཙོ་བོར་བརྩིས་ཡོད་པ་དང༌། ཁོང་གིས་འཁྲིས་སུ་ཨ་རིའི་སྲིད་འཛིན་སྦུའུ་ཤེ་དང་ དེ་ནས་ར་ཤི་ཡའི་སྲིད་བློན་པུའུ་ཁྲིན་ ཉི་ཧོང་གི་སྲིད་བློན་ཕུ་ཀུ་ཌ་ ཕེརན་སིའི་སྲིད་འཛིན་སར་ཀོ་ཛི་  སོགས་བཞུགས་ཡོད་པ་དང་། སྒྲོག་ཙེ་གཉིས་པའི་ཐོག་སྲིད་བློན་དབུན་ཅའ་བའོ་ཡིས་གཞོགས་སུ་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་དང་ ལྦིཏ་ནམ་གྱི་སྲིད་འཛིན་སོགས་ཡོད་པ་དང༌། དེ་རྗེས་ཀྱི་སྒྲོག་ཙེའི་ཐོག་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ཇའ་ཆིང་ལིང་གི་འཁྲིས་སུ་ཐེ་དབན་གྱི་གོ་མིང་ཏང་ཚོགས་པའི་ཚོགས་གཙོ་ཟུར་པ་ལན་ཀྲན་སོགས་བཀོད་སྒྲིག་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org