རྒྱ་ནག་གིས་ཚོང་འབྲེལ་དྲང་པོ་མེད་པར་སྐྱོན་བརྗོད།
ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་ཚོང་འབྲེལ་དྲང་པོ་བྱེད་གྱིན་མེད་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་འདུག།
-
2012-07-06 -
-
-
རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་Obama མཆོག་གིས། ་ཨ་རིའི་མོ་ཊ་རྒྱ་ནག་ལ་ཕྱིར་ཚོང་བྱས་པར་རྒྱ་ནག་གཞུང་གིས་དཔྱ་ཁྲལ་ཨ་སྒོར་ཐེར་འབུམ་གསུམ་ལྷག་བརྒྱབ་པའི་ཚོང་འབྲེལ་དྲང་པོ་མེད་པའི་བྱ་སྤྱོད་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་ཞུ་གཏུགས་བྱས་ཡོད་ལུགས་གསུང་ཡོད་པ་རེད།
དེ་ཡང་སྲིད་འཛིན་Obama དང་ཕྱོགས་འགལ་སྤྱི་མཐུན་ཚོགས་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་Mitt Romney གཉིས་མ་འོངས་པའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ཀྱི་དུས་སྐབས་དེར། སྲིད་འཛིན་Obama མཆོག་གིས། རྒྱ་ནག་ཕྱོགས་ནས་ལུགས་མཐུན་གྱི་ཚོང་ལས་གཉེར་གྱི་མེད་པའི་སྐྱོན་བརྗོད་གནང་སྟེ། འཛམ་གླིང་ཚོང་དོན་སྒྲིག་འཛུགས་ལ་རྒྱ་ནག་གི་བྱ་སྤྱོད་ཞུ་གཏུགས་བྱས་ཟིན་པ་གསུང་སྟེ། རེས་གཟའ་ཕུར་བུའི་ཉིན་ཨ་རིའི་མོ་ཊ་བཟོ་གྲའི་ཚོང་ལས་ཁང་ཆགས་ཡུལ་ཨ་རིའི་Ohio མངའ་སྡེའི་ནང་གཏམ་བཤད་གནང་བའི་སྐབས། ཊོ་ལར་ཐེར་འབུམ་གསུམ་གྱི་མ་གནས་ཐོབ་པའི་ཨ་རིའི་མོ་ཊ་རྒྱ་ནག་ལ་ཕྱིར་ཚོང་བྱེད་པའི་སྐབས། རྒྱ་ནག་གཞུང་གིས་ཨ་རིའི་མོ་ཊར་དཔྱ་ཁྲལ་བརྒྱབ་ཏེ་ཨ་རིའི་མོ་ཊའི་རིན་གོང་མཐོ་པོ་བཟོས་པ་སོགས་རྒྱ་ནག་གཞུང་གིས་ལུགས་མཐུན་མ་ཡིན་པའི་ཚོང་ལས་གཉེར་ཏེ། ཨ་མི་རི་ཀའི་མོ་ཊ་བཟོ་མཁན་གྱི་ལས་བཟོ་བ་ཚོར་གནོད་འཚེ་བཟོས་པའི་བྱ་སྤྱོད་རྩིས་རྒྱག་གི་ཆེད་དུ་དེ་རིང་སྔ་དྲོ་ངོས་ཀྱི་ལས་ཁུངས་ནས་བྱ་ཐབས་གསར་པ་ཞིག་ལག་བསྟར་བྱེད་འགོ་བཙུགས་པ་ཡིན་ཞེས་གསུང་ཡོད་པ་རེད། སྲིད་འཛིན་Obama མཆོག་གིས། དེའི་སྔོན་ལའང་རྒྱ་ནག་གིས་ཨ་རི་ནས་མོ་ཊའི་མ་ལག་ཉོ་ཚོང་ནང་ལུགས་མཐུན་མི་བྱེད་པའི་ཚོང་འབྲེལ་ལ་སྐྱོན་བརྗོད་གནང་མྱོང་ཡོད་པ་རེད།