དཔལ་བར་ཇོ་མོ་གླང་མའི་སྟེང་འབྱོར་ཡོད་པ།
རྒྱ་ནག་གི་ཨོ་ལིམ་པིཀ་དཔལ་འབར་འཁྱེར་མཁན་ཚོ་ཇོ་མོ་གླང་མའི་སྟེང་འབྱོར་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཐོག་རྒྱང་བསྲིང་བྱས་འདུག
-
2008-05-08 -
-
-
༄༅༎ཨོ་ལིམ་པིཀ་རྩེད་འགྲེན་གྱི་དཔལ་འབར་འཁྱེར་མཁན་རྒྱ་མི་དང་བོད་པ་རི་འཛེགས་པ་ཚོ། ད་རིང་རི་བོ་ཇོ་མོ་གླང་མའི་རི་རྩེར་འབྱོར་ཡོད་པའི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཐོག་རྒྱང་བསྲིང་བྱས་འདུག བོད་པའི་བུད་མེད་རི་འཛེགས་པ་ཚེ་རིང་དབང་མོས་འཁྱེར་བའི་དཔལ་འབར་དེ། རྒྱ་མཚོ་ནས་མི་ཊར་ ༨༨༤༨ ཡོད་པའི་ཇོ་མོ་གླང་མའི་རི་རྩེར་འབྱོར་ཡོད་པར། པེ་ཅིང་གྱིས་དགའ་བསུ་ཞུ་གི་ཡོད་ཅེས་བརྗོད་པ་རྒྱ་ནག་བརྙན་འཕྲིན་ཐོག་བསྟན་ཡོད་པ་དང༌། གངས་རི་རྩེ་མོ་བར་འགྲོ་མཁན་རི་འཛེགས་པ་མི་གྲངས་ ༡༩ ཡིས་ང་ཚོ་འཛམ་གླིང་ཡང་སྟེང་དུ་ཡོད། འཛམ་གླིང་གཅིག་དང་རྨི་ལམ་གཅིག་ཅེས་པའི་པེ་ཅིང་ཨོ་ལིམ་པིཀ་རྩེད་འགྲན་གྱི་འབོད་ཚིག་དེ་བསྒྲགས་འདུག རྒྱ་ནག་གིས་དཔལ་འབར་ཇོ་མོ་གླང་མའི་སྟེང་འཁྱེར་དགོས་པའི་དམིགས་ཡུལ་ནི་བོད་མི་དང་རྒྱ་ཧན་མི་རིགས་བར་མཐུན་སྒྲིལ་གོང་འཕེལ་ཡོང་བའི་རེ་བ་ལ་དམིགས་པ་ཡིན་པ་བརྗོད་འདུག འོན་ཀྱང་བཙན་བྱོལ་བོད་གཞུང་ནང་གི་བོད་པའི་དབུ་ཁྲིད་ཚོ་དང་བོད་དོན་དོན་གཉེར་གནང་མཁན་ཚོས། འཆར་གཞི་དེ་དག་འཁྲུག་རྐྱེན་སློང་གཞིའི་རྒྱུ་རྐྱེན་ཡིན་པ་མ་ཚད། ཕྱི་ཡུལ་ཁག་ནང་དཔལ་འབར་བསྐོར་བསྐྱོད་ལ་་ངོ་རྒོལ་གྱི་གནས་ཚུལ་བྱུང་སྐབས། རྒྱ་ནག་གིས་རྩེད་འགྲན་དེ་བཞིན་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་བསྒྱུར་ཐབས་བྱ་རྒྱུ་མིན་ལུགས་བརྗོད་བཞིན་ཡོད་པ་དེ་ལྡོག་ཕྱོགས་ཡིན་པ་གསུངས་འདུག ཡང་བོད་རང་དབང་ལས་འགུལ་ཚོགས་པའི་མགྲིན་ཚབ་པ་ མེཊ་ཝིཊིཀེསི ་ཡིས་རྒྱ་ནག་གིས་ཇོ་མོ་གླང་མའི་སྟེང་ཨོ་ལིམ་པིཀ་ ཡི་དཔལ་འབར་འཁྱེར་དགོས་པའི་དམིགས་ཡུལ་ནི། བོད་ཀྱི་ཐོག་རྒྱ་ནག་གི་བདག་དབང་ཡོད་ཚུལ་སྟོན་ཐབས་ཡིན་པ་སྐྱོན་བརྗོད་གནང་འདུག།