ལོ་གཉིས་བཙོན་འཇུག་ཁྲིམས་བཅད།

རང་ལོ་ ༢༠ སོན་པའི་བོད་རིགས་ན་གཞོན་ངག་དབང་སྟོབས་ལྡན་ལགས་སུ་ལོ་གཉིས་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ངག་དབང་སྟོབས་ལྡན་ལགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །སྔ་ལོ་རྒྱ་ནག་གཞུང་གི་འགོ་ཁྲིད་གསར་རྙིང་འཕོ་འགྱུར་བྱེད་པའི་དུས་སུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོར་དམ་བསྒྲགས་ཆེན་པོ་བྱས་ཏེ། བོད་མི་མང་པོ་འཛིན་བཟུང་བཀག་ཉར་དང་།  ཁྲིམས་ཆད་བཙོན་འཇུག་བྱས་ཡོད་པས་མ་ཟད། རྒྱ་གར་བྱང་ཕྱོགས་སྦིར་བོད་མིའི་གཞིས་སྒར་དུ་གནས་བཞུགས་ཕ་ཡུལ་ཁམས་འཇོ་མདའ་ནས་ཡིན་པའི་སྐུ་ཞབས་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་གསལ་ལྟར་ན། ཕ་ཡུལ་ཁམས་འཇོ་མདའ་རྫོང་མཁར་སྒང་ཤང་ཁྲི་ཚོ་གྲོང་མཁའ་སློད་ཚང་གི་ཕ་སྐལ་བཟང་སངས་རྒྱས་དང་།  མ་བདེ་གཡང་གཉིས་ཀྱི་བུ་རང་ལོ་ ༢༠ སོན་པ་ངག་དབང་སྟོབས་ལྡན་ལགས་ཞུ་བ་ཞིག་ཕྱི་ལོ་ ༢༠༡༢ ཟླ ༡༠ ཚེས་ ༢༡ ཉིན་ལྷ་ས་གྲོང་ཁྱེར་ཁ་ཆེ་ལྷ་ཁང་གི་ཉེ་འགྲམ་ནས་ཉེན་རྟོག་པས་ཞིབ་བཤེར་བྱེད་སྐབས།    རྩ་བའི་ཐོབ་ཐང་ལག་འཁྱེར་དང་མགྲོན་ཐོ་སོགས་ཆ་ཚང་ཡོད་ཀྱང་།  ལག་ཐོག་ཁ་པར་དུ་རང་ལུས་མེར་སྲེག་བཏང་བའི་པར་གཉིས་དང་།  བོད་ཀྱི་རྒྱལ་དར།    སྲིད་གཞུང་གིས་མང་ཚོགས་ལ་དྲག་གནོན་བཏང་བའི་པར་སོགས་ཡོད་པར་བསྙད་ནས་འཛིན་བཟུང་བྱས་ཏེ་ལྷ་ས་གྲོང་ཁྱེར་ཉེན་རྟོག་རུ་ཆེན་ནང་ཉིན་གཉིས་གསུམ་ཙམ་བཀག་ཉར་འདྲི་རྩད་བྱས་འདུག  དེ་རྗེས་རྒུ་ཚ་བཙོན་ཁང་དུ་ཉིན་བདུན་ཙམ་འདྲི་རྩད་ཚ་ནན་བྱས་ཏེ།  མཐར་པར་དེ་དག་མི་གཞན་ལ་བརྒྱུད་བསྐུལ་བྱས་པ་ཁས་བླངས་ཚུལ་ལ་བསྙད་བཏགས་ཏེ།  རྒྱལ་ཁབ་ལ་ངོ་རྒོལ་ཁ་གཏད་བྱས་པ་དང་ ཆབ་སྲིད་དྲིལ་བསྒྲགས་ལོག་པ་བྱས་པ།  མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་བཏང་བ་སོགས་ཀྱི་ཉེས་མིང་འོག  ལོ་གཉིས་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་དེ།  ད་ལྟ་སྟོད་ལུང་གཞོང་པ་ལྷ་ཆུའི་ཉེ་འགྲམ་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག ངག་དབང་སྟོབས་ལྡན་ལགས་ལྷ་སའི་ནང་སྲོལ་རྒྱུན་རིག་གནས་ཐང་བྲིས་བྱེད་མཁན་གཞོན་སྐྱེས་ཤིག་ཡིན་པ་རེད།
ཡང་གནས་ཚུལ་མཁོ་སྤྲོད་པས་གསུང་གསལ་ལ།  བཙོན་ཁང་དེའི་ནང་དུ་ད་དུང་ཆབ་མདོ་དང་།  ནག་ཆུ་ས་ཁུལ་གཙོས་པའི་བོད་མི་མང་པོ་ཞིག་ལོ་གཉིས་ནས་གསུམ་བར་ཁྲིམས་ཐག་བཅད་དེ་བཀར་ཉར་བྱས་ཡོད་པ་སོགས་འབྲེལ་ཡོད་བཙོན་པར་ཐུག་འཕྲད་དུ་སྐྱོད་མཁན་ཚོས་གནས་ཚུལ་ངོ་སྤྲོད་བྱས་བཞིན་ཡོད་པ་གསལ་འདོན་གནང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org