དཀའ་ཚེགས་ཆེ་བའི་ལམ་བུ་ཞེས་པའི་རྩོམ་དེབ།
བོད་ཀྱི་ཆབ་སྲིད་བཙོན་པ་སྐུ་ཞབས་དགའ་ལྡན་བག་བྲོ་ལགས་ཀྱིས་བརྩམས་གནང་བའི་དཀའ་ཚེགས་ཆེ་བའི་ལམ་བུ་ཞེས་པའི་དཔེ་དེབ་སྐོར།
-
2011-04-01 -
-
-
༄༅༎བོད་ཀྱི་ཆབ་སྲིད་བཙོན་པ་སྐུ་ཞབས་དགའ་ལྡན་བག་བྲོ་ལགས་ཀྱིས་བརྩམས་གནང་བའི་དཀའ་ཚེགས་ཆེ་བའི་ལམ་བུ་ཞེས་པའི་དཔེ་དེབ་དེ་བཞིན་དེ་རིང་རེས་གཟའ་པ་སངས་ཉིན་བཞུགས་སྒར་རྡ་རམ་ས་ལའི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བཙན་བྱོལ་བོད་གཞུང་ཆོས་རིག་བཀའ་བློན་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད།
ཁོང་གིས་བརྩམས་གནང་བའི་དཔེ་དེབ་དེ་ནི། གཙོ་བོ་རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་དང༌། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ དམིགས་བསལ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མི་རིགས་ཐོག་རླབས་ཆེན་གྱི་མཛད་འཁུར་བསྐྱངས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་ཆེད་དུ་དམིགས་པ་ཞིག་ཡིན་པ་དང༌། རྩོམ་བྲིས་པ་ཁོང་གིས་མཛད་སྒོ་དེའི་ཐོག་ལ་དཔེ་དེབ་དེ་བརྩམས་དགོས་པའི་དམིགས་ཡུལ་ནི། བོད་ཀྱི་ཆབ་སྲིད་བཙོན་པ་ཚོས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། འཛམ་གླིང་མི་དམངས་ལ་བོད་ཀྱི་ཆབ་སྲིད་བཙོན་པ་སྤྱིའི་དཀའ་སྡུག་དང་གཞིས་ལུས་བོད་མི་རྣམས་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེ་བའི་སྲིད་ཇུས་འོག་དཀའ་སྡུག་ཇི་ལྟར་མྱོང་བཞིན་པའི་གནས་སྟངས་རྣམས་ཞུ་རུ་འགྲོ་དགོས་པའི་མངགས་བྱ་གནང་བ་བཞིན། ཁོང་ཚོིའི་རེ་འདུན་དང་མངགས་ཆ་ཆུད་བཟོད་དུ་མ་བཏང་བར་ད་བར་དུ་དེབ་ཕྲེང་བརྒྱད་རྩོམ་བྲིས་གནང་བ་ཡིན་ཞེས་གསུང་ཡོད་པ་རེད། མཛད་སྒོ་དེའི་ཐོག་བཙན་བྱོལ་བོད་གཞུང་གི་ཆོས་རིག་བཀའ་བློན་མཆོག་དང༌། ཕྱི་དྲིལ་དྲུང་ཆེ། སྤྱི་འཐུས་རྒྱུན་ལས་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་པ་དང་སྐྱིད་སྡུག་ཁག་གི་འགན་འཛིན་རྣམ་པ། གསར་འགོད་པ་བཅས་འདུ་འཛོམས་གནང་ཡོད་ཅིང༌། སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་གི་གསུང་བཤད་ནང༌།སྐུ་ཞབས་བག་གྲོ་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་ཆེད་དུ་འཛམ་གླིང་རྒྱལ་ཁབ་སུམ་ཅུ་སོ་གྲངས་ནང་ཕེབས་ཡོད་པ་དང༌། བོད་ནང་དུ་བཞུགས་རིང་རྒྱ་ནག་གཞུང་ལ་རྔོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་མྱོང་བ་དང༌། རྒྱ་ནག་གི་བཙོན་ཁང་དུ་མི་ལོ་གསུམ་ལྷག་བཙོན་འཇུག་གིས་དཀའ་སྡུག་མྱོང་བའི་ཆབ་སྲིད་བཙོན་པ་ཞིག་ཡིན་པ་མ་ཟད། ཁོང་གིས་རྒྱ་མིའི་བཙོན་དུ་དཀའ་སྡུག་ཇི་ལྟར་མྱོང་ཚུལ་སྐོར་དབྱིན་བོད་གཉིས་ཀྱི་ཐོག་རྩོམ་བྲིས་གནང་བའི་ལོ་རྒྱུས་ཀྱི་དཔེ་དེབ་ནང་གསལ་པོ་བཀོད་ཡོད་ལ་ཁོང་བཙན་བྱོལ་དུ་ཕེབས་པའི་རྗེས། འཐབ་གྲོགས་ཆབ་སྲིད་བཙོན་པ་ཚོའི་དམ་བཅའ་མ་བརྗེད་པར་འཛམ་གླིང་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་མུ་མཐུད་སྤེལ་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།