རྒྱ་གཞུང་གིས་བོད་རིགས་སྣེ་ཤན་པ་ཞིག་བཙོན་འཇུག་བྱས་པ།

མགོན་པོ་ཚེ་རིང་ལགས་སྔ་ལོ་ཕྱི་ཟླ་གསུམ་པའི་ནང་འཛིན་བཟུང་བྱས་རྗེས་ད་ཆ་དུས་བཀག་བཙོན་འཇུག་ལོ་གསུམ་བཟོ་རྒྱུའི་ཐག་གཅོད་བྱས་འདུག

༄༅༎བོད་མི་ཡུལ་སྐོར་སྣེ་ཤན་པ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཏང་འདུག དེ་ཡང་བཙན་བྱོལ་བོད་གཞུང་གི་བོད་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་མགོན་པོ་ཚེ་རིང་ལགས་སྔ་ལོ་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་རྗེས་འདི་ལོ་ཕྱི་ཟླ་དང་པོའི་ནང་ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་བསྐུལ་བྱེད་པའི་ནག་ཉེས་བཙུགས་ཏེ་དུས་བཀག་བཙོན་འཇུག་ལོ་གསུམ་བཟོ་རྒྱུའི་ཐག་གཅོད་བྱས་འདུག་ཅིང་ཁོང་ནི་༡༩༧༦ལོར་ཨ་མདོ་རྔ་པ་མཛོད་དགེ་རྫོང་ཁུངས་སུ་འཁྲུངས་ཤིང་སྔ་ལོ་ཕྱི་ཟླ་གསུམ་པའི་ནང་འཛིན་བཟུང་བྱས་སྐབས་ཁོང་ཡུན་ནན་ཞིང་ཆེན་ཁོངས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་ཁོངས་སུ་ཡོད་པའི་ཤང་རི་ལ་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་སྣེ་ཤན་པའི་ཕྱག་ལས་གནང་གི་ཡོད་འདུག

སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གཉིས་ཙམ་ལ་མགོན་པོ་ཚེ་རིང་ལགས་དང་ཁོང་གི་རོགས་པ་ཚེ་བུ་སོགས་མི་གྲངས་བཞི་ཙམ་ས་གནས་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་རོགས་པ་ཚོ་ཕྱི་ཟླ་དགུ་པའི་ནང་གློད་བཀྲོལ་བཏང་ཡོད་ཀྱང་མགོན་པོ་ཚེ་རིང་ལ་ཁྲིམས་ཁང་ནས་དྲ་གནས་དང་ལག་འཁྱེར་ཁ་པར་གྱི་ཐོག་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་པ་དེ་ནི་རྒྱལ་ཁབ་ཁ་བྲལ་གཏང་རྒྱུའི་ངན་བསྐུལ་གྱི་བྱ་སྤྱོད་ཅིག་ཡིན་པའི་ནག་ཉེས་བཙུགས་ཏེ་བཙོན་འཇུག་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org