བོད་མདོ་སྨད་བླ་བྲང་དགོན་གྱི་གྲ་ཞིག་འཛིན་བཟུང༌།

དགེ་འདུན་པ་ཞིག་འཛིན་བཟུང་དང་བཙན་བྱོལ་ནང་འོས་འདེམས་ཉེ་བའི་སྐབས་བླ་བྲང་ཁུལ་བརྙན་འཕྲིན་བསྡུ་ལེན་སྡེར་མ་སོགས་གཞུང་བཞེས།

༄༅༎མདོ་སྨད་བླ་བྲང་དགོན་པའི་དགེ་འདུན་པ་ཞིག་འཛིན་བཟུང་དང་བཙན་བྱོལ་བོད་མིའི་འོས་འདེམས་ཆེན་པོ་སླེབས་ལ་ཉེ་བའི་སྐབས་བླ་བྲང་ས་ཁུལ་དུ་བརྙན་འཕྲིན་བསྡུ་ལེན་སྡེར་མ་སོགས་གཞུང་བཞེས་བྱེད་པའི་གནས་ཚུལ་ཐོན་འདུག

དེ་རིང་འདི་ག་རླུང་འཕྲིན་ཁང་ལ་བོད་ནང་གི་ཁུངས་ལྡན་གནས་ཚུལ་ཡོང་ཁུངས་ཤིག་ནས་བརྗོད་ན། ཚེས་༡༦ཉིན་གྱི་དགོང་མོའི་དུས་བརྒྱད་པ་ཡས་མས་སུ་མདོ་སྨད་བླ་བྲང་དགོན་པའི་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཀླུ་གཅོད་པ་བསྟན་འཛིན་རྒྱ་མཚོ་ལགས་ཉེན་རྟོག་པས་གློ་བུར་དུ་ཁོང་གི་གྲྭ་ཤག་ནས་འཛིན་བཟུང་བྱས་ཡོད་པ་དང་ ཁོང་འཛིན་བཟུང་བྱེད་མཁན་ཞིང་ཆེན་བདེ་འཇགས་ལས་ཁུངས་དང་ ཡང་ན་ས་གནས་ཉེན་རྟོག་པ་ཡིན་པ་གསལ་པོ་ཤེས་མེད་ཀྱང་ མི་མང་པོ་ཞིག་གིས་དགོང་མོའི་དུས་ཚོད་བརྒྱད་པ་ཡས་མས་སུ་ཁོང་གི་གྲྭ་ཤག་སྒོ་ཁར་ཉེན་རྟོག་པའི་རླངས་འཁོར་གྱི་དུང་སྒྲ་སྒྲོག་པ་དང་ཉེན་རྟོག་པ་མང་པོ་འགྲོ་བ་མཐོང་ཡོད་འདུག དགེ་འདུན་པ་ཀླུ་གཅོད་པ་བསྟན་འཛིན་རྒྱ་མཚོ་ལགས་ནི་སྤྱི་ལོ་༢༠༠༨ལོའི་ཞི་རྒོལ་ཆེན་མོའི་ནང་ཞུགས་ཏེ་རྗེས་སུ་རྒྱ་ནག་གཞུང་གིས་ཟླ་བ་ཁ་ཤས་རིང་འཛིན་བཟུང་བཙོན་འཇུག་བྱས་མྱོང་བ་མ་ཟད་ ཁ་སྔོན་སྐུ་གྲོངས་པའི་བླ་བྲང་དགོན་པའི་དགེ་འདུན་པ་སངས་རྒྱས་རྒྱ་མཚོའི་འདས་མཆོད་ཀྱི་སྔ་རྗེས་གཉིས་སུ་ཁོང་གིས་ནང་མིར་རོགས་རམ་བྱས་ཡོད་ལ། ཁ་སྔོན་བླ་བྲང་ས་ཁུལ་དུ་བོད་ཀྱི་ལོ་གསར་དགའ་སྟོན་ལ་རོལ་བའི་ཐད་འབོད་སྐུལ་བྱེད་མཁན་གྱི་གྲས་ཡིན་འདུག དེ་སྔོན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་སློབ་གཉེར་གནང་ཏེ་ཕྱིར་ཕ་ཡུལ་དུ་ལོག་མཁན་ཞིག་ཡིན་འདུག

གནས་ཚུལ་ཡོང་ཁུངས་ནས་བརྗོད་ན་ དེ་བཞིན་ཉིན་འདི་གར་ས་གནས་ལས་བྱེད་དང་ཉེན་རྟོག་པ་བླ་བྲང་ས་ཁུལ་གྱི་ཁྱིམ་ཚང་རེ་རེ་སྒོ་ཉུལ་བྱས་ནས་ཟླ་བ་འདིའི་ཚེས་༢༠ཉིན་ཤོག་འབག་རྒྱག་པ་སོགས་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད་ བླ་བྲང་དགོན་པའི་དགེ་འདུན་པ་ཚོའི་གྲྭ་ཤག་རེ་རེ་བྱས་ནས་ཞིབ་བཤེར་གྱིས་བརྙན་འཕྲིན་བསྡུ་ལེན་སྡེར་མ་གཞུང་བཞེས་གཏོང་གི་ཡོད་པ་སོགས་ད་ལྟ་བླ་བྲང་ས་ཁུལ་གྱི་སེར་སྐྱ་མི་མང་ཐོག་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་ནའང་ སེར་སྐྱ་མང་ཚོགས་ཀྱིས་སྔར་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་འདེམས་ཐད་དོ་སྣང་ཤུགས་ཆེན་བྱེད་བཞིན་པ་འགྲེལ་བརྗོད་བྱས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org