བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་རང་ལུས་མེར་བསྲེགས།
རྔ་བ་མ་མའི་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱི་རང་ལུས་མེར་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་སྤེལ་འདུག
-
2012-02-12 -
-
-
༄༅༎བོད་ཤར་ཕྱོགས་མདོ་སྨད་རྔ་བ་མ་མ་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག
ཐོག་མར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་བཏང་འབྱོར་དང་། དེ་ནས་རིམ་པས་རྒྱལ་སྤྱིའི་གསར་འཁོད་བརྒྱུད་ལམ་ཁག་གིས་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ཟླ་ ༢ ཚེས་ ༡༡ ཉིན་སྟེ་རེས་གཟའ་སྤེན་པའི་བོད་ནང་གི་དགོང་མོའི་དུས་ཚོད་ ༦ཙམ་རྔ་བ་རྫོང་རྭ་རུ་བའི་མདོ་ཤིས་སྐལ་རྒྱམ་ཚང་གི་མ་མའི་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་ཆོས་སྒྲོན། རང་ལོ་ ༡༨ ། ཕ་མིང་ལ་བློ་པེ་དང་། མ་མིང་ལ་ཚེ་པོ་ཡིན་པ་ཁོང་གིས་བཙུན་དགོན་ཞོལ་གྱི་བསུ་མདོའི་ཟམ་ཁར་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག དོ་བདག་སྐབས་དེར་གྲོངས་མེད་ནའང་། དེ་མ་ཐག་དམག་མི་དང་ཉེན་རྟོག་པ་བསླེབས་ནས་འབར་ཁམས་སུ་ཐད་ཀར་ཁྱེར་ཡོད་འདུག ཁོང་མོ་ཆུང་ཆུང་སྐབས་གཅའ་ཞང་ཐོག་ནས་ལོ་ ༣ ཙམ་རིང་སློབ་གྲྭར་སོང་ཞིང་།དེ་རྗེས་རྔ་སྟོད་མ་མའི་བཙུན་དགོན་དུ་བཙུན་མ་བྱས་འདུག ཁོང་མོར་ནང་མི་ ༡༢ ཡོད་པ་དང་། མིང་སྲིང་བཞི་ཡོད་པའི་ཆེ་ཤོས་ཁོང་ཡིན་འདུག རྒྱུན་ལྡན་སྨྲ་བ་ཉུང་ཞིང་དགོན་པའི་སྒྲིག་ལམ་ཚུལ་བཞིན་སྲུང་ནས་སློབ་སྦྱོང་ལ་དོ་སྣང་ཆེན་པོ་དང་སློབ་སྦྱོང་གི་གྲུབ་འབྲས་ཧ་ཅང་ཡག་པོ་ཡོད་མཁན་གྱི་དཔའ་འཛངས་གཉིས་ལྡན་གྱི་བུ་མོ་ཡ་རབ་ཅིག་ཡིན་འདུག དེ་རྗེས་དམག་མི་དང་ཉེན་རྟོག་པས་མ་མའི་བཙུན་དགོན་ཡོངས་སུ་བསྐོར་ནས་དམ་དྲག་ཆེན་པོ་བྱས་ཡོད་པས་བཙུན་དགོན་ནང་གི་གནས་ཚུལ་ཤེས་རྟོགས་མ་བྱུང་། མ་མའི་བཙུན་དགོན་བདེ་ཆེན་ཆོས་འཁོར་གླིང་ནི་རྔ་བ་རྫོང་དང་བར་ཐག་སྤྱི་ལེ་གསུམ་ལྷག་གི་ས་ན་ཡོད་པའི་རྔ་པའི་བཙུན་དགོན་ཆེ་ཤོས་དེ་ཡིན་ཞིང་། དེང་སྐབས་བཙུན་མ་ ༣༥༠ལྷག་ཡོད། ལོ་སྔོན་མའི་ཕྱི་ཟླ་༡༠ཚེས་༡༧ཉིན་བཙུན་དགོན་འདིའི་བཙུན་མ་བསྟན་འཛིན་དབང་མོ་ལགས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་སྐད་འབོད་གནང་ཞིང་།དེ་མ་ཐག་འདས་གྲོངས་སུ་གྱུར་ཡོད། ཕྱི་ལོ་ ༢༠༠༨ ལོར་བཙུན་དགོན་གྱི་བཙུན་མ་རྣམས་ཀྱིས་ནང་པའི་ཆོས་དར་དང་༸གོང་ས་མཆོག་གི་སྐུ་པར་བཟུང་ནས་རྔ་པའི་ཁྲོམ་ས་ཡོངས་ལ་ཞི་བའི་གོམས་བགྲོད་གནང་ཞིང་། དེ་རྗེས་བཙུན་མ་མང་པོ་འཛིན་བཟུང་བཀག་ཉར་དང་ཁག་ཅིག་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་ཀྱང་བཅད་མྱོང་བྱུང་འདུག བོད་མི་ཚོས་རྒྱ་ནག་གཞུང་གི་གདུག་རྩུབ་དྲག་གནོལ་ལ་གདོང་ལེན་བྱེད་བཞིན་པ་དེར་བསམ་ཤེས་བྱ་རྒྱུ་ཕར་བཞག། རང་སྲོད་དོར་བའི་བོད་མི་དེ་དག་ལ་འཇིགས་སྐུལ་དྲག་སྤྱོད་པའི་མིང་ངན་བཏགས་བཞིན་པ་རེད། དེའི་དབར་ལ་ ཕི་རི་ཊི་བྭེ་ཊི་(Free Tibet) ཞེས་པའི་འགོན་འཛིན་ སིཊེཕྞི་བྭི་རིགྡན་(Stephanie Brigden) གྱིས་རྔ་བ་རང་སྐྱོང་ལྗོངས་ཀྱི་ཉེན་སྲུང་ལས་ཁུངས་སུ་ཁ་པར་ཐོག་བཙུན་མ་བསྟན་འཛིན་ཆོས་སྒྲོན་ཀྱི་གནས་སྟངས་སྐོར་བརྩད་གཙོད་གནང་སྐབས་ལས་ཁུངས་ཀྱིས་བེུད་ཞིག་གིས་དེའི་སྐོར་གངཡང་ཤེས་རྟོག་མེད་ཅེས་ལན་འདེབས་བྱང་ཡོད་འདུག།