རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་གཞུང་ལ་ཛ་དྲག་འབོད་སྐུལ།

སུད་སི་གྲོང་ཁྱེར་ཇི་ནི་ལྦར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང༌་གནང་བ།

༄༅༎སུད་སི་གྲོང་ཁྱེར་ཇི་ནི་ལྦར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༡༩ ཚོགས་བཞིན་པ་ལྟར། ཕྱི་ཟླ་གསུམ་པའི་ཚེས་༡༩ ཉིན་གྱི་ལྷན་ཚོགས་ཐོག་ལ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས། བོད་ནང་དུ་བོད་མིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་དུ་རང་ལུས་མེ་བསྲེག་བཏང་བའི་གནས་སྟངས་གླེང་སློང་གནང་ཡོད་ཅིང༌། བོད་ནང་དུ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་བའི་གནས་སྟངས་ཛ་དྲག་ཏུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི། ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་དམ་དྲག་ཁོ་ན་ལག་ལག་བསྟར་རྒྱུན་འཁྱོངས་བྱས་པ་དེ་ལས་བྱུང་བ་དང༌། ད་དུང་བོད་མིའི་ངོས་ནས་ཞི་བའི་ཁྲོམ་སྐོར་དང་སྐད་འབོད་ཀྱི་ལམ་ནས་རྒྱ་ནག་གཞུང་གི་ནོར་འཁྲུལ་གྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་རང་དབང་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་པ། ལྷག་པར་དུ་བོད་མི་ཞི་བའི་ངོ་རྒོལ་བྱེད་མཁན་ཐོག་གང་བྱུང་དུ་མེ་འཕེན་གྱིས་བསད་རྨས་ཀྱི་གནས་སྟངས་ཚབས་ཆེ་བཟོས་པའི་བྱ་སྤྱོད་ལ་ཁོང་རྣམས་ཧ་ཅང་གི་བློ་འཚབ་ཡོད་ཅེས་དང༌། ད་དུང་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་ཀྱི་ས་ཁུལ་ནང་ལ་བོད་མི་ཚོེར་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་མེད་པའི་ཁར་རང་མི་རིགས་ཀྱི་རིག་གཞུང་གཅེས་འཛིན་བྱེད་པའི་རང་དབང་མེད་པ་མ་ཟད། རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་ལ་བཟོད་ཐབས་བྲལ་ཏེ་རང་སྲོག་བློས་བཏང་གིས་བོད་ནང་གི་ཡ་ང་བའི་གནས་སྟངས་རྒྱལ་སྤྱིའི་ཐོག་གསལ་སྟོན་གནང་མཁན་རྣམས་ལ་རྒྱ་ནག་གཞུང་གིས་ཡུལ་ཁྲིམས་སྲུང་བརྩི་མ་ཞུ་མཁན་ཉེས་ཅན་པའི་ཉེས་འཛུགས་བྱས་པ་དེ་ནི་དྲང་བདེན་མིན་པའི་སྐྱོན་བརྗོད་གནང་སྟེ། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ནི། བོད་མིའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང། མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཐོབ་ཐང་རྩིས་མེ་རྡོག་རོལ་བཏང་སྟེ་བོད་མིའི་སེམས་ཁོངས་ཀྱི་འཁོན་འཛིན་གྱི་རྣམ་པ་ཛ་དྲག་ཏུ་གཏོང་བའི་ནོར་འཁྲུལ་གྱི་སྲིད་ཇུས་དེ་དག་ཡོ་བསྲང་བྱ་དགོས་པ་དང༌། རང་ལུས་མེ་བསྲེག་བཏང་མཁན་བོད་མི་ཁག་ཅིག་རྒྱ་མིའི་ཉེན་རྟོག་པའི་དོ་དམ་འོག་ཡོད་པ་རྣམས་གང་དུ་དོ་དམ་བྱས་ཡོད་མེད་དང་ཁོང་ཚོའི་གནས་སྟངས་གསལ་བཤད་བྱ་དགོས་པ། འཛིན་བཟུང་བྱས་པའི་བོད་མི་སེར་སྐྱ་བ་ཚོའི་གནས་སྟངས་ཇི་ལྟར་ཡོད་མེད་ཕྱིར་བསྒྲགས་བྱ་དགོས་པ། བོད་མིའི་སྐུ་ཚབ་ཀྱི་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བསྐྱར་གསོ་བྱ་དགོས་པ། རྒྱལ་སྤྱིའི་རྟོགས་ཞིབ་པ་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་དུ་བོད་ཀྱི་ས་ཁུལ་དུ་འགྲོ་བསྐྱོད་ཀྱི་རང་དབང་སྤྲོད་དགོས་པའི་དོན་ཚན་ལྔ་འབོད་སྐུལ་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org