རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ལ་སྐྱོན་བརྗོད་གནང་བ།

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་བརྩི་མེད་རྡོག་རོལ་བཏང་བ་རེད་ཅེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐྱོན་བརྗོད་གནང་འདུག

༄༅༎ཨོ་ལིམ་པིག་གི་རྩེད་འགྲན་རྒྱ་ནག་ནང་ཚུགས་པའི་རིང་ལ་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་འགྲོ་བ་མིའི་ཐོབ་ཐང་ཐོག་བརྩི་མེད་རྡོག་རོལ་བཏང་བ་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ ཁ་ས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཞུས་པ་དང་ཆབས་ཅིག ཨོ་ལིམ་པིག་གི་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་གིས་ཀྱང་ འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཁག་གྲུབ་མེད་པ་བརྗོད་ཡོད་པ་རེད་ པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་དེ་བཞིན་ མི་རྣམས་ཡིད་དབང་འཕྲོག་པའི་རྩེད་མོའི་འདུ་ཚོགས་ཤིག་ཆགས་ཡོད་ཀྱང་ རྩེད་འགྲན་དེ་བཞིན་འཛམ་གླིང་གི་མདུན་གྱི་སྡིངས་ཆའི་སྟེང་དུ་འཁྲབ་སྟོན་གོ་སྒྲིག་བྱས་ཡོད་ཀྱང་ རྩེད་འགྲན་གྱི་སྡིངས་ཆའི་རྒྱབ་ལ་ འཚེ་མེད་ཞི་བའི་ལམ་ནས་སོ་སོའི་བསམ་ཚུལ་ཤོད་མཁན་ཚོའི་སྨྲ་བརྗོད་ཀྱི་རང་དབང་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་བཀག་གནོན་བྱེད་པ་དང་ མི་མང་པོས་ཁྲིམས་འགལ་གྱི་བྱ་བ་གང་ཡང་བྱས་མེད་ཀྱང་ འཛིན་བཟུང་བཀག་ཉར་བྱས་པ་སོགས་འགྲོ་བ་མིའི་ཐོབ་ཐང་ཐོག་བརྩི་མེད་རྡོག་རོལ་བཏང་ཡོད་རེད་ཅེས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་འཆར་འགོད་འགན་འཛིན་གཞོན་པ་ རོ་ཛེན་རིཕ་ ཡིས་སྐྱོན་བརྗོད་གནང་ཡོད་པ་རེད་

ཁོང་གིས་མུ་མཐུད་དེ་ རྒྱ་ནག་གི་དཔོན་རིགས་ཚོ་དང་ ཨོ་ལིམ་པིག་གི་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བཟང་དུ་གཏོང་རྒྱུ་འགྲེམས་སྟོན་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་པ་རེད་ ཡིན་ནའང་བཙན་ཤེད་ངང་མི་རྣམས་ཕྱིར་འབུད་བཏང་བ་དང་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་རྣམས་འཛིན་བཟུང་བཀག་ཉར་བྱས་པ་ གསར་འགོད་པ་ཚོའི་རང་དབང་ཐོག་བཏང་འཛིན་བྱས་ཏེ་ བྱ་སྤྱོད་དེ་ཚོའི་འོག་ ཨོ་ལིམ་པིག་གི་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་དང་ རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བཟང་དུ་གཏོང་རྒྱུར་ལམ་ལྷོངས་གང་ཡང་བྱུང་མེད་པ་རེད་ དེར་བརྟེན་ མ་འོངས་པའི་ཨོ་ལིམ་པིག་གི་རྩེད་འགྲན་ཁག་ལབ་རྒྱུ་གླེང་རྒྱུ་དང་ རྩོད་རྙོག་ཅན་ཞིག་མ་ཆགས་པ་བྱ་དགོས་ཀྱི་རེད་ དེའི་ཆེད་དུ་མ་འོངས་པར་ཚུགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་ནང་ འགྲོ་བ་མིའི་གཞི་རྩའི་རིན་ཐང་དང་ འཛམ་གླིང་ཡོངས་ཁྱབ་གཞི་རྩའི་བཟང་སྤྱོད་ཀྱི་རྩ་དོན་རྣམས་ལྷག་བསམ་རྣམ་དག་དང་ ཚུལ་བཞིན་དུ་ལག་ལེན་བསྟར་ཏེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་ཨོ་ལིམ་པིག་ཡིས་འཛུགས་བསྐྲུན་བྱ་རྒྱུའི་ཀ་བ་དང་པོ་ཡིན་པར་ངོས་འཛིན་བྱ་རྒྱུའི་དུས་ཚོད་སླེབས་ཡོག་རེད་ཅེས་ཀྱང་ རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མ་འོངས་ལམ་སྟོན་གནང་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org