བོད་རྒྱའི་གྲོས་མོལ་བརྒྱུད་དོན་ཕན་སོན་པའི་གྲུབ་འབྲས་ཡོང་རྒྱུ་ཁག

རྒྱ་གཞུང་གིས་སྐུའི་སྐུ་ཚབ་རྣམས་དང་གྲོས་མོལ་ཞུ་འདོད་ཡོད་པ་འདི་ནི་ བོད་དོན་ཐད་དངོས་ཡོད་ཀྱི་དོན་ཕན་སོན་པའི་གྲུབ་འབྲས་ཡོང་རྒྱུ་ཁག་པོ་ཡིན་འདུག

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམས་དང་གྲོས་མོལ་ཞུ་འདོད་ ཡོད་པའི་རྣམ་འགྱུར་བསྟན་པ་འདི་ནི་རྒྱ་ནག་གཞུང་ཕྱོགས་ནས་ཨོ་ལིམ་པིཀ་གྱི་རྩེད་འགྲན་མ་ཚུགས་སྔོན་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཆེ་མཐོང་ཡར་རྒྱས་ འབྱུང་ཐབས་ཆེད་དམིགས་པ་ཞིག་ཡིན་པ་ལས་ འདིས་བོད་དོན་ཐད་དངོས་ཡོད་ཀྱི་དོན་ཕན་སོན་པའི་གྲུབ་འབྲས་ཡོང་རྒྱུ་ཁག་པོ་ཡིན་པ་གནད་དོན་དབྱེ་ཞིབ་ཁག་གཅིག་གིས་བསམ་ཚུལ་སྟོན་བཞིན་ཡོད་འདུག ཕྱི་ཟླ་གསུམ་པ་ནས་འགོ་བཙུགས་པའི་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་མང་དག་ཅིག་གི་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ གནས་ཚུལ་བསྟུད་མར་ཐོན་པ་དེས་རྒྱ་ནག་ནང་ཨོ་ལིམ་པིཀ་མ་ཚུགས་སྔོན་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྟོབས་ཤུགས་ངོམས་རྒྱུའི་གྲ་སྒྲིག་ལ་གནོད་ཚབས་ ཆེན་པོ་བཟོས་ཡོད་པ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཆེས་མཐོའི་མཐོ་རིམ་གཙུག་ལག་སློབ་གྲྭའི་རྒྱ་ནག་དང་རྒྱ་གར་གྱི་ཆབ་སྲིད་དབྱེ་ཞིབ་པ་སྐུ་ཞབས་ ཨ་ནན་ཨོ་ཇཱས་གྲོས་མོལ་བྱ་འདོད་ཡོད་པའི་རྣམ་འགྱུར་དེས་རྒྱ་ནག་གི་འགོ་འཁྲིད་ཚོའི་བསམ་བློར་འགྱུར་བ་ཕྱིན་པ་ཞིག་མཚོན་རྒྱུ་མིན་པར་མ་ཟད་ གྲོས་མོལ་བྱ་རྒྱུའི་མགྲོན་ཤོག་དེས་ རྒྱ་ནག་གཞུང་ལ་ཧ་ཅང་ཕོག་ཐུག་ཆེན་པོ་བཟོས་པའི་ཤུགས་རྐྱེན་ཡོད་པའི་ངོ་རྒོལ་གྱི་ལས་འགུལ་དེ་དག་གི་ནུས་ཤུགས་ཆུང་དུ་གཏོང་རྒྱུའི་ཉེན་ཁ་ཡོད་པ་ རེད་ཅེས་གསུངས་འདུག དེ་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་དཔལ་འབྱོར་སློབ་གཉེར་ཁང་གི་བོད་མཁས་པ་སྐུ་ཞབས་ ཨེན་ཌི་རུ་ཕཱི་ཤར་ གྱིས་ རྒྱ་ནག་གཞུང་ཕྱོགས་ནས་གྲོས་མོལ་བྱ་རྒྱུར་ཁ་ཞེ་གཉིས་མེད་ཇི་ཙམ་ཡིན་མིན་དེ་ གྲོས་མོལ་བྱ་མཁན་གྱི་གྲས་སུ་ནུས་པ་དང་དབང་ཚད་ཡོད་པའི་མི་སྣ་ཇི་འདྲ་ཞིག་བསྐོ་བཞག་བྱ་མིན་ལ་བལྟ་རྒྱུ་ཡོད་པ་རེད་ཅེས་དང་ གལ་ཏེ་གྲོས་མོལ་བྱ་ཡུལ་དེ་མུ་མཐུད་འཐབ་ཕྱོགས་གཅིག་འགྱུར་ལྷན་ཁང་ཡིན་ཚེ་ དེས་གྲོས་མོལ་གྱི་གྲོས་མོལ་ཙམ་ལས་གཞན་དམིགས་བསལ་གྲུབ་འབྲས་གང་ཡང་སོན་རེ་མེད་པའི་དགོངས་ཚུལ་གསུངས་ཡོད་པ་རེད་ ཡང་ཀེ་ན་ཌའི་སྦིརི་ཀྲིཤི་ཀོ་ལཱམ་སྦི་ཡ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་སློབ་དཔོན་བོད་རིགས་ཚེ་རིང་ཤཱཀྱ་ལགས་ཀྱིས་ རྒྱ་ནག་གཞུང་གིས་བོད་པའི་སྐུ་ཚབ་རྣམས་དང་གྲོས་མོལ་བྱ་འདོད་ཡོད་པའི་རྣམ་འགྱུར་བསྟན་པ་དེ་རྒྱལ་སྤྱིའི་གནོན་ཤུགས་ཀྱི་གྲུབ་འབྲས་ ཤིག་མིན་པར་ དེ་ནི་རྒྱ་ནག་གཞུང་གི་འགོ་འཁྲིད་ཚོས་བོད་ནང་དངོས་ཡོད་ཀྱི་དཀའ་ངལ་ཞིག་ཡོད་པ་ངོས་འཛིན་ཐུབ་པ་མཚོན་པ་ཞིག་ཡིན་པ་འགྲེལ་བརྗོད་ གནང་བ་དང་ཆབས་གཅིག གྲོས་མོལ་ལམ་ལྷོངས་ཡོང་རྒྱུར་འགོག་རྐྱེན་བཟོ་མཁན་གཙོ་བོ་ནི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་གཙོ་ ཀྲང་ཅིང་ལི་ཡིན་སྟབས་ ཐོགས་མར་ཀྲང་ཅིང་ལི་བོད་ནས་ཕྱིར་འཐེན་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་གསུངས་ཤིང་ དེར་ལོན་ཌོན་དཔལ་འབྱོར་སློབ་གྲའི་སློབ་དཔོན་ ཨེན་ཌི་རུ་ ཕཱ་ཤར་ གྱིས་ཀྲང་ཅིང་ལིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཁག་ནི་ བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུར་གཙོ་བོ་དམིགས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org