གྲོས་མོལ་མ་བྱས་ན་དམག་འཁྲུག་ཡོང་སྲིད་པའི་དཔྱད་རྩོམ་སྤེལ་འདུག

རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་གྲོས་མོལ་གྱི་ལམ་ནས་མ་སེལ་ན་དེ་སྔའི་ས་མཚམས་ཀྱི་དམག་འཁྲུག་ལྟ་བུ་སླར་ཡང་ཡོང་སྲིད་པ་བརྗོད་འདུག

རྒྱ་གར་དང་བོད་ཀྱི་ས་མཚམས་དམག་མི། དྲ་བཤུས།

ཞན་ཧེ་(Shanhai)རྒྱལ་སྤྱིའི་སློབ་གཉེར་ཁང་གི་ལྷོ་དང་དབུས་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་ཝང་ཏེ་ཧྭ་ཟེར་བས་བཅིངས་གྲོལ་དམག་དཔུང་གི་དྲ་རྒྱའི་ཐོག་དཔྱད་རྩོམ་ཞིག་སྤེལ་བའི་ནང་། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་བར་ས་མཚམས་ཀྱི་རྩོད་རྙོག་དེ་གྲོས་མོལ་གྱི་ལམ་ནས་སེལ་མ་ཐུབ་པ་ཡིན་ན་ཕྱོགས་གཉིས་ཀྱི་བར་དེ་སྔའི་ཕྱི་ལོ་༡༩༦༢་ལོའི་ས་མཚམས་ཀྱི་དམག་འཐབ་དེ་ལྟ་བུ་ཞིག་སླར་ཡང་ཡོང་མི་སྲིད་པ་མ་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།
རྒྱ་གར་གྱི་ཆབ་སྲིད་གནད་དོན་དབྱེ་ཞིབ་པ་ཚོས་གསུངས་ན། རྒྱ་ནག་གིས་དེ་སྔ་ཡིན་ན་རྒྱ་གར་མཉམ་༡༩༦༢་ལོའི་དམག་འཁྲུག་གི་དོན་རྐྱེན་གྱི་སྐོར་གླེང་སློང་བྱ་མི་དགོས་བ་གཙོ་དོན་བྱེད་ཀྱི་ཡོད་ཀྱང་ཉེ་བའི་ཆར་དོན་རྐྱེན་དེ་གླེང་སློང་བྱ་རྒྱུ་མང་དུ་ཕྱིན་ཡོད་པ་གསུངས་ཀྱི་ཡོད་པ་རེད།
རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དཔུང་གི་མགྲིན་ཚབ་པས། རྒྱ་གར་ལ་ཉེན་བརྡ་ཞིག་བཏང་བའི་ནང་། རྒྱ་གར་གྱི་ངོས་ནས་དེ་སྔ་ཕྱི་ལོ་༡༩༦༢་ལོའི་དམག་འཐབ་ལོ་རྒྱུས་ཀྱི་སློབ་གསོ་དེ་མ་བརྗེད་པ་བྱེད་དགོས་ཀྱི་ཡོད་སྐོར་གཏམ་བཤད་བྱས་ཡོད་པ་རེད།
དེའི་དགག་ལན་ལྟ་བུར་རྒྱ་གར་གྱི་དཔལ་འབྱོར་དང་བདེ་སྲུང་བློན་ཆེན་གཅིག་ལྕོགས་(Arun Jaitley)་ཡིས་བརྒྱུད་ལམ་ཁག་ལ་བཀའ་མོལ་གནང་བའི་ནང་། ཕྱི་ལོ་༡༩༦༢་ལོའི་རྒྱ་གར་དང་ད་ལྟའི་རྒྱ་གར་གྱི་གནས་སྟངས་དེ་ཁ་ཁ་རེད་ཅེས་འགག་ལན་གནང་ཡོད་པ་རེད།
རྒྱ་ནག་གི་གནད་དོན་དཔྱད་ཞིབ་པའི་མིང་ཅན་ཝང་ཏེ་ཧྭ་ཟེར་བས་དཔྱད་རྩོམ་གྱི་ནང་། གལ་ཏེ་རྒྱ་གར་ངོས་ནས་ས་མཚམས་ཀྱི་ས་རྒྱུས་ཆེ་བ་ཡོད་པ་དང་། རི་རྒྱུད་དམག་དཔུང་དང་ གནམ་དམག་དཔུང་སྡེའི་གནས་སྟངས་བཟང་བ་ཡོད་པའི་གདེང་ཚོད་ཀྱིས་རྒྱ་ནག་ལ་དགྲ་ལན་སློག་ཐུབ་ཀྱི་རེད་སྙམ་གྱི་ཡོད་ན་རྒྱ་གར་གྱི་ངོས་ནས་1962་ལོའི་དམག་འཐབ་སྐབས་ཀྱི་ལོ་རྒྱུས་ཀྱི་སློབ་གསོ་དེ་མ་བརྗེད་པ་བྱ་དགོས་ཀྱི་རེད་ཅེས་འུར་ཤོབ་བྱས་ཡོད་པ་རེད།
རྒྱ་ནག་གིས་ཕྱི་ཟླ་༦་པའི་ཚེས་༡༦་ཙམ་ནས་གྲོ་མོའི་ཁུལ་ནས་རྒྱ་གར་འབྲས་ལྗོངས་དང་འབྲུག་ཡུལ་བཅས་པའི་ས་མཚམས་སུ་རྙོག་གླེང་ཕར་མ་ཞིག་བཟོས་ཏེ་རྒྱ་གར་ལ་དཀའ་ངལ་བཟོ་བཞིན་ཡོད་པ་རེད།
རྒྱ་གར་གྱི་སྲུང་སྐྱོབ་གནད་དོན་དཔྱད་ཞིབ་པ་Brahma Chellany ཡིས་དཔྱད་རྩོམ་ཞིག་གི་ནང་། རྒྱ་ནག་གིས་གྲོ་མོའི་ཁུལ་ནས་འབྲས་ལྗོངས་དང་འབྲུག་ཡུལ་གྱི་ས་མཚམས་ཁུལ་ས་ཁུལ་བདག་དབང་ཡོད་ཚུལ་རྩོད་ལེན་བྱེད་བཞིན་པ་དེ་ནི་གཙོ་བོ་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་དོན་རྐྱེན་ནས་ཡོང་གི་ཡོད་པས། རྒྱ་གར་གྱི་ངོས་ནས་བོད་ཀྱི་གནད་དོན་དེ་ད་ལྟའང་རྒྱལ་སྤྱིའི་ཐག་གཅོད་ཐུབ་མེད་པར་གནས་ཡོད་པའི་གནས་ཚུལ་དེ་འབུར་བཏོན་བྱ་དགོས་རྒྱུ་གལ་ཆེན་པོ་འགྱུར་ཡོད་པ་བཀོད་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org