རྔ་པ་ཁུལ་དུ་དགེ་འདུན་ཞིག་གིས་རང་ལུས་མེར་བསྲེག
བོད་ཀྱི་རྔ་པ་ཁུལ་དུ་དགེ་འདུན་པ་ཞིག་གིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།
-
2012-02-14 -
-
-
༄༅༎ཕྱི་ཟླ་གཉིས་པའི་ཚེས་༡༣་རེས་གཟའ་ཟླ་བའི་ཉིན་སླར་ཡང་བོད་ཀྱི་རྔ་པ་ཁུལ་དུ་དགེ་འདུན་པ་ཞིག་གིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང༌། སྐབས་དེར་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་ཁོང་ལ་ཉེས་རྡུང་དྲག་པོ་བཏང་ཡོད་པའི་སྐོར་དེ་རིང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་གསུང་ཤག
དེ་ཡང་དགུང་ལོ་༡༩ ཡིན་པའི་རྔ་པ་ཀིརྟི་དགོན་པའི་སྐུ་ཞབས་བློ་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་བཏང་གནང་བ་དེ་ནི། བོད་ཀྱི་ས་ཁུལ་ནང་དུ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་མུ་མཐུད་ནས་ངོ་རྒོལ་བྱས་པའི་བྱ་ཐབས་ཤིག་ཡིན་ཞིང༌། དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་ཡིས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་མུ་མཐུད་རང་སྲུང་བྱས་ཏེ། རྒྱ་ནག་གཞུང་ཕྱོགས་ནས་མི་རིགས་སོ་སོའི་ཐོུང་མ་ཡིན་པའི་རིག་གཞུང་དང༌། ཆོས་དད་རང་དབང་ལ་གུས་བརྩི་ཞུ་གི་ཡོད་ལ། བོད་ནང་དུ་དཔལ་འབྱོར་གྱི་རོགས་རམ་འཕོན་ཆེ་བྱས་ཡོད་པས་དེ་དག་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན། འོན་ཀྱང་དགེ་འདུན་པས་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཟོ་ཐབས་བྱས་པ་དེ་ཡིས། བོད་མིའི་ཁེ་ཕན་ལ་འགོག་རྐྱེན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསུང་ན། བོད་ནང་དུ་གྲ་བཙུན་གཙོས་པའི་བོད་མིས་ད་བར་རང་ལུས་མེ་བསྲེག་བཏང་བ་དེ་ནི། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་མི་བཟོད་པར་ངོ་རྒོལ་བྱས་པ་ཞིག་ཡིན་པ་མ་ཟད། ཁོང་ཚོའི་དགོས་འདུན་གཙོ་བོ་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་པ་གསུང་ཡོད་པ་རེད།
སྐུ་ཞབས་བློ་བཟང་རྒྱ་མཚོ་ལགས་ནི་རྔ་པ་ཀིརྟི་དགོན་པའི་གྲ་པ་ཡིན་ཞིང༌། ཁོང་གིས་རེས་གཟའ་ཟླ་བའི་ཕྱི་དྲོའི་ཚོུད་༢ དང་ཕྱེད་ཀ་ཙམ་ལ་རྔ་པ་རྫོང་གི་ཁྲོམ་ལམ་ལྟེ་བའི་ཐོག་རང་ལུས་མེ་བསྲེག་བཏང་ཡོད་པ་དང༌། སྐབས་དེར་དྲག་ཆས་ཉེན་རྟོག་པས་ཁོང་གི་ལུས་ཐོག་གི་མེ་ལྕེ་གསོད་ཁུལ་བྱས་ཏེ་ཉེས་རྡུང་དྲག་པོ་བཏང་བ་མ་ཟད། བཙན་ཁྲིད་བྱས་ཏེ་ད་ཆ་ཁོང་ག་པར་ཡོད་མེད་དང་ཤི་སོན་གནས་སྟངས་རྩ་བ་ནས་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་པ་རེད།