བོད་ནང་འཇིགས་དངངས་ངང་གནས་དགོས་པའི་གནས་སྟངས།

རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཤུགས་ཆེ་རུ་བཏང་སྟེ་བོད་མི་རྣམས་འཇིགས་དངངས་ངང་གནས་བཞིན་པ།

༄༅༎རྒྱ་ནག་གཞུང་གིས་བོད་ཐོག་དམ་དྲག་དང་དྲག་གནོན་ཆེ་བའི་སྲིད་བྱུས་དེ་བཞིན་བོད་ཤར་ཕྱོགས་ནས་དབུས་ལྷ་ས་བར་ལག་བསྟར་བྱ་ཤུགས་ཆེ་རུ་བཏང་ཡོད་པར་བརྟེན། བོད་ཀྱི་ལོ་གསར་སྐབས་དང༌། གསུམ་བཅུའི་དུས་དྲན་གྱི་གོང་དེར་བོད་མི་ཚོ་འཇིགས་སྣང་དང་དངངས་བསྐྲག་ཆེན་པོའི་ངང་གནས་དགོས་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆེན་པོ་ཡོད་པའི་གནས་ཚུལ་འདུག
འགོ་སྟོད་བོད་ཀྱི་མདོ་སྟོད་སྨད་དང་ ཉེ་བའི་བདུན་ཕྲག་འགའ་ཤས་ནང་དབུས་གཙང་ཁུལ་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བའི་ལས་འགུལ་ཡང་བོད་མིའི་ཁྲོད་རྒྱ་ཁབ་ངང་སྤེལ་བཞིན་ཡོད་པ་རེད།
ཟླ་བ་སྔོན་མ་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མངའ་ནས་༸དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས་ནས་བོད་ལ་ཕྱིར་ལོག་གནང་མཁན་བོད་མི་ཚོ་འཛིན་བཟུང་གྱིས་བཙན་དབང་གི་སྒོ་ནས་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ་དེ་དག་དེ་སྔོན་གཞི་རྒྱ་ཆེན་པོ་དེ་ཙམ་བྱུང་མྱོང་མེད་པ་དང༌། དེ་ནི་ཉེ་བའི་ཟླ་ཤས་ནང་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་དང༌། ས་གནས་འགའ་ཤས་ནང་བོད་མི་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་རྣམ་པ་འདྲ་མིན་གྱི་ཞི་བའི་ངོ་རྒོལ་གཅིག་མཇུག་གཉིས་མཐུད་སྤེལ་གནང་བར་རྒྱ་ནག་གཞུང་བློ་འཚབ་བསྐྱེད་ནས་། གཞིས་ལུས་བོད་མི་ཚོར་བསུན་རྩིར་ཆེན་པོ་བཟོ་བཞིན་པའི་ཐོག། བོད་མི་མང་པོ་དོན་མེད་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པ་དང༌། བོད་པའི་རྩོམ་པ་པོ་དང་ཤེས་ལྡན་མི་སྣ་ཁག་འཛིན་བཟུང་བྱེད་བཞིན་ཡོད་པའི་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་དཔྱད་པ་གནང་འདུག
དེ་རིང་ལྷག་དཀར་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཡོངས་ནས་ བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ལོ་གསར་དགའ་སྟོན་རྟེན་འབྲེལ་གནང་རྒྱུའི་ཚབས་ལ། ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གནང་རྒྱུ་དང༌། བཟས་བཅད་གནང་རྒྱུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་ངོ་རྒོལ་གནང་རྒྱུ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org