རྒྱ་ནག་གིས་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ལ་དགག་ལན།

རྒྱ་ནག་གཞུང་གིས་ཉེ་དུས་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་པ་དེར་བཙན་བྱོལ་བོད་གཞུང་གིས་དགག་ལན་ཞིག་བཏོན་གནང་འདུག

༄༅༎རྒྱ་ནག་གཞུང་གིས་ཉེ་དུས་ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་ལྔ་ཉིན་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་སྐོར་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་པ་དེར་བཙན་བྱོལ་བོད་གཞུང་གིས་དགག་ལན་ཞིག་བཏོན་གནང་འདུག

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་དང་པོ་དེ་༡༩༩༩ལོར་འགྲེམས་སྤེལ་བྱས་ཡོད་པ་དང་དེ་ནས་གཉིས་པ་དེ་ཉིས་སྟོང་ལྔ་ལོར་བཏོན་རྗེས་ད་རེས་ཀྱི་རྒྱབ་ཤ་དཀར་པོའི་དེབ་དེ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་རེད། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ལས་ཁུངས་ཀྱིས་བཏོན་པའི་ཐེངས་འདིའི་རྒྱབ་ཤ་དཀར་པོའི་དེབ་དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་ཕྱོགས་སྐོར་ཡིན་པ་དང་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དྲན་གསོའི་ཉིན་མོ་འཁེལ་གྱི་ཡོད་པའི་ཉིན་བཞིའི་གོང་དེར་རྒྱབ་ཤ་དཀར་པོའི་ཡིག་ཆ་དེ་རྒྱ་ནག་གིས་བཏོན་ཡོད་པ་རེད།

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཚོར་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་དུས་དྲན་གྱི་གོང་དེར་ལག་རྟགས་ཀྱི་ཚུལ་དུ་བཏོན་པ་ལྟ་བུའི་རྒྱབ་ཤ་དཀར་པོའི་དེབ་དེ་བཞིན་ཉིས་སྟོང་བརྒྱད་དང་ཉིས་སྟོང་དགུ་གཉིས་ལ་བོད་དང་ཤར་ཏུར་ཀི་སི་ཐན་གཉིས་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་དང་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་ཐོག་རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་ཤུགས་ཆེ་བྱས་སྐབས་དང་དུས་ཚོད་འདི་དྲ་ཞིག་ལ་བཏོན་ཡོད་པར་བཙན་བྱོལ་བོད་གཞུང་གིས་ངོས་འཛིན་གནང་སྟེ་རྒྱ་ནག་དམར་པོའི་སྲིད་གཞུང་འོག་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་བདོ་མི་ཚོས་བསམ་བརྗོད་ལས་འདས་པའི་དཀའ་སྡུག་ཚད་མེད་མྱང་དང་མྱོང་བཞིན་ཡོད་པ་མ་ཟད་རྒྱ་གཞུང་གིས་བོད་མིའི་ངོ་བོ་རྩ་བརླགས་གཏང་ཐབས་སུ་བོད་ཀྱི་ཆོས་དང་སྐད་ཡིག རིག་གཞུང་བཅས་པ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པའི་ཁར་མང་ཚོགས་ཀྱི་རང་དབང་དང་སྤྱི་དམངས་འདོད་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པར་གྲངས་ཉུང་མི་རིགས་ཚོས་ངོས་ལེན་བྱ་ཐབས་ནམ་ཡང་མེད་པའི་སྐོར་བཙན་བྱོལ་བོད་གཞུང་གིས་ལན་འདེབས་ཡིག་ཆའི་ནང་བཀོད་གནང་འདུག

རྒྱ་ནག་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་བཏོན་པའི་དོན་ཚན་ཁག་ལ་བཙན་བྱོལ་བོད་གཞུང་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དེ་བཞིན་བཞུགས་སྒར་དུ་རྟེན་གཞི་གནང་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་མཉམ་རུབ་ཀྱི་སྒོ་ནས་གོང་ཞུས་དགག་ལན་དེ་བཏོན་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org