རྩེད་འགྲན་པས་པེ་ཅིང་གི་མཁའ་རླུང་ནས་གཡོལ་ཐབས་བྱེད་པ།
ཨོསོ་ཀྲོ་ལི་ཡའི་རྩེད་འགྲན་པ་ཕལ་མོ་ཆེས་པེ་ཅིང་གི་མཁའ་རླུང་བཙོག་པ་ནས་གཡོལ་ཐབས་སུ་རྩེད་འགྲན་འགོ་འབྱེད་མཛད་སྒོའི་ནང་མཉམ་བཞུགས་གནང་འཆར་མིན་འདུག
-
2008-06-16 -
-
-
༄༅༎ཨོསོ་ཀྲོ་ལི་ཡའི་རྒྱུག་འཕེན་མཆོངས་གསུམ་གྱི་རྩེད་འགྲན་པ་ཕལ་མོ་ཆེས་པེ་ཅིང་གི་མཁའ་རླུང་བཙོག་པ་ནས་གཡོལ་ཐབས་སུ་ འདི་ལོའི་ཕྱི་ཟླ་༨པའི་ཚེས་༨ཉིན་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་འགོ་འབྱེད་མཛད་སྒོའི་ནང་མཉམ་བཞུགས་གནང་འཆར་མིན་འདུག ཨོསོ་ཀྲོ་ལི་ཡའི་ཨོ་ལིམ་པིག་རྩེད་འགྲན་པ་ཕལ་ཆེ་བས་རང་ཉིད་འགྲན་བསྡུར་ནང་བཞུགས་དགོས་པའི་ཉིན་ཤས་གོང་ལ་མ་གཏོགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་མ་ཕེབས་བར་ཧོང་ཀོང་ནང་གནས་བཞུགས་གནང་འཆར་ཡོད་པ་རེད་ ཨོསོ་ཀྲོ་ལི་ཡའི་རྩེད་འགྲན་པའི་འགན་འཛིན་ཞིག་ཡིན་པ་མཱེཀསི་སྦི་ནིང་ཀྲེན་ཡིས་ཨོསོ་ཀྲོ་ལི་ཡའི་རྩེད་འགྲན་པ་རྣམས་རྩེད་མོ་འགྲན་བསྡུར་བྱེད་དགོས་པའི་ཉིན་གྲངས་༥ནས་༦བར་ལས་པེ་ཅིང་ནང་གནས་བཞུགས་གནང་རྒྱུ་མིན་པ་དང་ དེ་ལས་ཉིན་གྲངས་མང་བ་བཞུགས་ཚེ་ཁོང་རྣམས་དབུགས་གཏོང་ལེན་དཀའ་བའི་དཀའ་ངལ་འཕྲད་རྒྱུ་ངེས་པས་ སྔོན་ནས་པེ་ཅིང་འགྲོ་མི་དགོས་པའི་རྩེད་འགྲན་པ་ཕལ་ཆེ་བ་ཧོང་ཀོང་ནང་བསྡོད་རྒྱུ་ཡིན་སྐོར་གསུངས་འདུག་ རྒྱུག་མཆོངས་འགྲན་བསྡུར་ཐད་དེ་སྔོན་གསེར་གྱི་གཟེངས་རྟགས་ཐོབ་པའི་རེ་བ་ཡོད་པ་ཨོསོ་ཀྲོ་ལི་ཡའི་བེུད་རྩེད་འགྲན་པ་ཇཱ་ན་རོ་ལིན་སེན་ཡིས་ཉི་ཧོང་ནང་རྩེད་འགྲན་གྲ་སྒྲིག་བྱ་རྒྱུའི་བདམས་ཀ་གནང་འདུག་ལ་ ཡང་རྒྱུག་འཕེན་མཆོངས་གསུམ་ནང་འགྲན་བསྡུར་གནང་མཁན་གཞན་མང་པོ་ཡང་འགོ་འབྱེད་མཛད་སྒོའི་ནང་བཞུགས་འཆར་མེད་པ་རེད་ ཨོསོ་ཀྲོ་ལི་ཡའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་མགྲིན་ཚབ་པ་མཱའེཀ་ཀྲེན་ཁེརེཌི་ནས་གང་ལྟར་ཨོསོ་ཀྲོ་ལི་ཡའི་རྩེད་འགྲན་པ་མང་ཆེ་བ་རྗེས་སུ་ཡོང་ནས་འགོ་འབྱེད་མཛད་སྒོའི་ནང་བཞུགས་རྒྱུ་མིན་པའི་ཐག་གཅོད་གནང་སྐོར་གསུངས་ཡོད་པའི་གནས་ཚུལ་འདུག།