ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་སུ་༸གོང་ས་མཆོག་གདན་ཞུའི་སྐོར།
ལྗང་ཁུ་ཚོགས་པའི་ཐོག་ནས་༸གོང་ས་མཆོག་གྲོས་ཚོགས་གོང་མའི་ནང་ཚོགས་གཙོའི་སྐུ་མགྲོན་དུ་གདན་ཞུ་ཐུབ་རྒྱུའི་འབད་བརྩོན་གནང་རྒྱུ།
-
2009-08-20 -
-
-
༄༅༎ཨོ་སི་ཀྲོ་ལི་ཡའི་ལྗང་ཁུ་ཚོགས་པས་རིང་མིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་ནང་ཆིབས་བསྒྱུར་གནང་སྐབས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་ཚོགས་ཆེན་དུ་༸གོང་ས་མཆོག་སྐུ་མགྲོན་དུ་གཟིགས་ཞིབ་གདན་ཞུ་གནང་རྒྱུའི་གྲོས་འཆར་བཏོན་པ་དེར་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་ཐོབ་མེད་ཀྱང་ལྗང་ཁུ་ཚོགས་པའི་ཐོག་ནས་༸གོང་ས་མཆོག་གྲོས་ཚོགས་གོང་མའི་ནང་ཚོགས་གཙོའི་སྐུ་མགྲོན་དུ་གདན་ཞུ་ཐུབ་རྒྱུའི་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་འདུག
རིང་མིན་ཕྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་གསུམ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨོ་སི་ཀྲོ་ལི་ཡའི་ནང་ཆོས་འབྲེལ་གྱི་མཛད་འཕྲིན་བསྐྱངས་གནང་རྒྱུ་ཡིན་པ་རེད། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་ནང་ལྗང་ཁུ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་སེ་ར་ཧེན་སེན་ཡཱང་དང་རང་དབང་ཅན་གྱི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ནིཀ་ཛེ་ན་ཕོན་རྣམ་གཉིས་ནས་༸གོང་ས་མཆོག་ཨོ་སི་ཀྲོ་ལི་ཡའི་ནང་ཞབས་སོར་གྱི་མཛད་འཆར་སྐབས་༸གོང་ས་མཆོག་གྲོས་ཚོགས་གོང་མའི་ཚོགས་ཆེན་ཐོག་སྐུ་མགྲོན་དུ་གཟིགས་ཞིིབ་གདན་ཞུ་གནང་རྒྱུའི་གྲོས་གཞི་བཏོན་ཡོད་པ་རེད། གྲོས་འཆར་དེའི་ཐོག་ཁ་ས་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ནས་འོས་ཤོག་འཕེན་སྐབས་གཞུང་འཛིན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་རྒྱབ་སྐྱོར་མ་ཞུས་པར་བརྟེན་གྲོས་འཆར་ཕམ་ཉེས་བྱུང་ཡོད་པ་དང་ལྗང་ཁུ་ཚོགས་པའི་དབུ་འཁྲིད་སྐུ་ཞབས་སྦོབ་སྦ་རའོན་ཡིས་གསུང་ན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་༸གོང་ས་མཆོག་གྲོས་ཚོགས་གོང་མའི་ཚོགས་ཆེན་ཐོག་སྐུ་མགྲོན་དུ་གདན་ཞུ་མི་གནང་རྒྱུའི་ཐག་གཅོད་དེ་ནི་རྒྱ་ནག་གི་སྟོབས་ཤུགས་ལ་འཇིགས་སྣང་གི་འོག་ཏུ་བཞག་པའི་ཐག་གཅོད་ཡིན་པའི་སྐོར་སྐྱོན་བརྗོད་གནང་འདུག ཡིན་ཡང་སྐུ་ཞབས་སྦོབ་སྦ་རའོན་གྱིས་༸གོང་ས་མཆོག་གྲོས་ཚོགས་གོང་མའི་ཚོགས་ཆེན་ཐོག་གྲོས་ཚོགས་ཀྱི་ཚོགས་གཙོའི་སྐུ་མགྲོན་ཆ་ནས་གཟིགས་ཞིབ་གདན་ཞུ་གནང་རྒྱུའི་གྲོས་འཆར་གསར་པ་འདོན་གནང་མཛད་རྒྱུ་ཡིན་ཞེས་ནན་བརྗོད་གནང་བཞག ཨོ་སི་ཀྲོ་ལི་ཡའི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་ལས་དོན་གྱི་འགན་འཛིན་ཇོ་ལ་ཌི་ལྦིག་ཞུ་བས་གསུངས་ན་གྲོས་ཚོགས་ཀྱི་ཚོགས་ཆེན་ནང་སྐུ་མགྲོན་དུ་གཟིགས་ཞིབ་གདན་ཞུས་གནང་རྒྱུ་དེ་བཞིན་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣར་ཕུལ་སྲོལ་ཡོད་པ་དང་ཨོ་སི་ཀྲོ་ལི་ཡའི་གཞུང་ཕྱོགས་ནས་རྒྱ་ནག་གཅིག་ཅེས་པའི་སྲིད་ཇུས་ལག་བསྟར་ལ་བརྟེན་༸གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་ལ་གཞུང་འབྲེལ་གྱི་ངོས་ལེན་མེད་པའི་སྐོར་འགྲེལ་བརྗོད་བྱས་འདུག།