རྒྱ་གཞུང་གིས་ཡུ་གུར་མི་རིགས་ལ་དྲག་གནོན་བྱས་པ་སྦས་ཐབས།
རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱས་པའི་གནས་སྟངས་དངོས་སྦས་གསང་བྱེད་ཀྱི་ཡོད་ལུགས་བསྐྱོན་བརྗོད།
-
2009-08-07 -
-
-
༄༅༎ཨ་རིའི་ནང་བཙན་བྱོལ་དུ་ཡོད་པའི་ཡུ་གུར་འཛམ་གླིང་ལྷན་ཚོགས་ཀྱི་དབུ་ཁྲིད་ལྕམ་རེ་སྦི་ཡ་ཀ་རྡིར་གྱིས་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་སྦོན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་གནང་བའི་སྐབས་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱས་པའི་གནས་སྟངས་དངོས་སྦས་གསང་བྱེད་ཀྱི་ཡོད་ལུགས་བསྐྱོན་བརྗོད་ཤུགས་ཆེ་གནང་བའི་རྗེས་ཨོ་སི་ཀྲོ་ལི་ཡ་གཞུང་གིས་ལྕམ་རེ་སྦི་ཡ་ཀ་རྡིར་ཨོ་སི་ཀྲོ་ལི་ཡའི་ནང་ཕེབས་རྒྱུར་ཐོངས་མཆན་བཀག་སྡོམ་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་ལུགས་བགསལ་བཤད་གནང་ཡོད་པ་རེད།
ལྕམ་རེ་སྦི་ཡ་ཀ་རྡིར་ད་རེས་ཨོ་སི་ཀྲོ་ལི་ཡའི་ནང་ཕེབས་རྒྱུའི་ཐད་རྒྱ་ནག་གཞུང་ཕྱོགས་ནས་ཨོ་སི་ཀྲོ་ལི་ཡ་གཞུང་ལ་ལྕམ་རེ་སྦི་ཡ་ཀ་རྡིར་ལ་ཐོངས་མཆན་འབུལ་རྒྱུ་མེད་པའི་གནོན་ཤུགས་ཤུགས་ཆེ་སྤྲད་ཡོད་ན་ཡང་ཨོ་སི་ཀྲོ་ལི་ཡ་གཞུང་གིས་ལྕམ་ཀ་རྡིར་ཨོ་སི་ཀྲོ་ལི་ཡར་ཕེབས་རྒྱུར་ཐོངས་མཆན་ཕུལ་བ་མ་ཟད་ཁོང་གི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ཞིག་ཀྱང་ཨོ་སི་ཀྲོ་ལི་ཡའི་གློག་བརྙན་དུས་སྟོན་ཐོག་བཏོན་པར་བརྟེན་ནས་རྒྱ་ནག་གི་གློག་བརྙན་དུས་སྟོན་ཐོག་བཞུགས་མཁན་གྱི་གློག་བརྙན་རྣམས་ཕྱིར་འཐེན་བྱས་ཡོད་པ་རེད། ལྕམ་རེ་སྦི་ཡ་ཀ་རྡིར་ཡིས་ཨོ་སི་ཀྲོ་ལི་ཡའི་མེལ་སྦོན་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཕྱི་ཚེས་བདུན་ཉིན་ཡུ་གུར་མི་རིགས་དང་རྒྱབ་སྐྱོར་མི་གྲངས་བརྒྱ་གྲངས་མཉམ་བཞུགས་ཀྱིས་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱས་པར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བའི་སྐབས་པེ་ཅིང་གཞུང་གིས་རང་གི་ནག་ཉེས་སྦས་གསང་ཐུབ་རྒྱུའི་ཆེད་ཤིན་ཅང་ནང་གི་དུས་ཟིང་དེ་བཞིན་ཁོང་གིས་སྐུལ་སློང་བྱས་པ་ཡིན་ལུགས་སྐྱོན་བཙུགས་བྱེད་ཀྱི་ཡོད་པ་དང་ཟླ་བ་སྔོན་མ་ཤིན་ཅང་ནང་བྱུང་བའི་དུས་ཟིང་རིང་མི་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་མི་གྲངས་༡༩༧ལས་ཞེ་དྲག་གིས་མང་བ་ཡོད་པ་དང་རྐྱེན་འདས་སུ་ཕྱིན་པའི་མི་མང་པོ་ཞིག་རྒྱ་ནག་ཉེན་རྟོག་པས་མེ་མདའ་རྒྱབ་ནས་རྐྱེན་འདས་སུ་ཕྱིན་པའི་སྐོར་གསུངས་ཡོད་པ་དང་ལྕམ་རེ་སྦི་ཡ་ཀ་རྡིར་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཨོ་སི་ཀྲོ་ལི་ཡ་གཞུང་སོགས་ཀྱིས་ཤིན་ཅང་གི་དུས་ཟིང་ནང་དངོས་ཡོད་མི་གྲངས་ག་ཚོས་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་དངོས་ཞིབ་བཤེར་དང་འབྲེལ་ཤིན་ཅང་གི་དུས་ཟིང་ཐོག་རང་དབང་ལྡན་པའི་བརྟག་དཔྱད་ཞིབ་འཇུག་གནང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།