ཨོ་ལིམ་པིག་རྩེད་འགྲན་པས་བོད་དོན་ལ་རྒྱབ་སྐྱོར།
ཨོ་སོ་ཀྲོ་ལི་ཡའི་རྩེད་འགྲན་པ་ཚོར་བོད་དོན་ཐོག་རྒྱབ་སྐྱོར་མཚོན་པའི་དྲིལ་བསྒྲགས་ག་འདྲ་བྱ་རྒྱུའི་ཆེད་དུ་འཆར་གཞི་ཞིག་སྤྲད་ཡོད་པ་རེད་
-
2008-07-14 -
-
-
༄༅༎ཨོ་སོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་འབྲེལ་འཐུད་འགན་འཛིན་སྐུ་ཞབས་ སའེ་མོན་སྦེ་རེ་ཌི་ཤོ་ ཡིས་གསུང་དོན་ལྟར་ན་ ཁ་སྔོན་ཕྱི་ཟླ་གསུམ་པ་ནས་བོད་དང་བོད་དོན་རྩ་དོན་ཐོག་ལ་རྒྱབ་སྐྱོར་གནང་རྒྱུའི་འདུན་པ་བཏོན་མཁན་ ཨོ་ལིམ་པིག་གི་རྩེད་འགྲན་ཁོངས་སུ་ཞུགས་མཁན་ཨོ་སོ་ཀྲོ་ལི་ཡའི་རྩེད་འགྲན་པ་ཚོར་ བོད་དོན་རྒྱབ་སྐྱོར་ཚོགས་པས་པེ་ཅིང་ནང་ཚུགས་རྒྱུའི་ཨོ་ལིམ་པིག་གི་རྩེད་འགྲན་སྐབས་དང་ རྩེད་འགྲན་གྱི་རྗེས་སུ་རྩེད་འགྲན་པ་ཚོས་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པ་མཚོན་པའི་དྲིལ་བསྒྲགས་ག་འདྲ་བྱ་རྒྱུའི་ཆེད་དུ་ སྟོད་གོས་དང་དཔུང་རྟགས་ སྦྱར་ཡིག ལུས་པོར་འཕྲལ་སེལ་རིང་རི་མོ་བཀོད་རྒྱུ་སོགས་ཀྱི་ཐབས་ལམ་སྣ་ཚོགས་འཁོད་པའི་འཐུམ་སྒྲིལ་འདྲ་བའི་འཆར་གཞི་ཞིག་སྤྲད་ཡོད་པ་རེད་ དེ་དང་སྦྲགས་རྩེད་འགྲན་པ་ཚོས་རྒྱ་ནག་གི་རྒྱལ་སའི་གནམ་ཐང་དུ་འབྱོར་སྐབས་ རྒྱ་ནག་གཞུང་གིས་བཙན་འཕྲོག་བྱེད་པའི་ཉེན་ཁ་ཡོག་རེད་ཅེས་ཀྱང་སྔོན་ཚུད་ནས་གསང་བརྡ་སྤྲད་ཡོད་པ་རེད་ ཨོ་སོ་ཀྲོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་འབྲེལ་འཐུད་འགན་འཛིན་སའེ་མོན་སྦེ་རེ་ཌི་ཤོ་ཡིས་ སྔོན་ཆད་ ཆུ་རྐྱལ་འགྲན་བསྡུར་ནང་ཞུགས་མཁན་ མི་ཤེལ་ཨེང་གེལ་སི་མེན་ སོགས་ཀྱིས་ ཚོས་གཞི་ལྗང་ཁུ་དང་སེར་པོ་བྱས་པའི་སྟོད་གོས་སྒང་ལ་དབྱིན་ཡིག་དང་ རྒྱ་ཡིག་ཟུང་སྦྲེལ་ཐོག་ ངས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བྲིས་པ་ལས་ ཨོ་ལིམ་པིག་གི་སྒྲིག་གཞི་དང་མི་འགལ་བའི་སླད་དུ་ བོད་ཅེས་པའི་ཐ་སྙད་དེ་བསམ་བཞིན་དུ་བྲིས་ཡོད་པ་རེད།