ཇོ་མོ་གླང་མར་དཔལ་འབར་ཁྱེར་སྐབས་གསར་འགོད་པ་བཀག་རྒྱུ།
པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་རི་བོ་ཇོ་མ་གླང་མའི་སྟེང་སྐོར་བསྐྱོད་བྱེད་སྐབས་ ཕྱི་རྒྱལ་གསར་འགྱུར་བརྒྱུད་ལམ་ཕལ་མོ་ཆེ་བཀག་འགོག་བྱེད་རྒྱུ་ཡིན་འདུག
-
2008-04-24 -
-
-
༄༅༎བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གནས་ཚུལ་མཁོ་སྒྲུབ་དང་གནས་ཚུལ་བཀོད་ཕྱོགས་ཐད་ལ་རྒྱ་ནག་གཞུང་གིས་
དམ་བསྒྲགས་བཀག་འགོག་བྱས་པ་མ་ཟད་
གསར་འགོད་པའི་བདེ་འཇགས་ཐོག་ལའང་ཉེན་ཚབས་ཡོད་སྐོར་
རྒྱལ་སྤྱིའི་གསར་འགོད་པ་ཚོས་བློ་འཚབ་གསལ་འདོན་བྱས་རྗེས་ དེའི་ལན་འདེབས་སུ་རྒྱ་ནག་གཞུང་གིས་
པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་རི་བོ་ཇོ་མ་གླང་མའི་སྟེང་སྐོར་བསྐྱོད་བྱེད་སྐབས་
ཕྱི་རྒྱལ་གསར་འགྱུར་བརྒྱུད་ལམ་ཕལ་མོ་ཆེའི་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་བཀག་འགོག་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་རིང་མིན་ཕྱི་ཟླ་ལྔ་པའི་ནང་
བོད་ཀྱི་རི་བོ་ཇོ་མོ་གླང་མའི་སྟེང་ཁྱེར་རྩིས་ཡོད་པ་བཞིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་
རྣམས་མགྲོད་འབོད་ཞུས་ཡོད་པ་རེད་ ཡིན་ནའང་ད་ཕན་རྒྱལ་སྤྱིའི་ཡུལ་གྲུ་གང་སའི་ནང་རྩེད་འགྲན་གྱི་
དཔལ་འབར་བསྐོར་བསྐྱོད་ཀྱི་ལས་དོན་ལ་འགོག་རྐྱེན་བསྟུད་མར་འཕྲད་པའི་གནད་དོན་ལ་བརྟེན་ནས་
ཇོ་མོ་གླང་མའི་སྟེང་དཔལ་འབར་ཁྱེར་ཕྱོགས་ཐད་ལ་བསྒྱུར་བཅོས་ཀྱི་འཆར་གཞི་གསལ་བསྒྲགས་བྱས་ཡོད་པ་རེད་
སྔོན་འཆར་གཞིགས་ན་ རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཐོག་རྒྱ་ནག་གིསྟོབས་ཤུགས་འགྲེམས་སྟོན་དང་
ཆེ་ཐོངས་བསྐྲུན་ཐབས་སུ་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་བརྒྱུད་
འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་སྟེང་གཟི་རྔོམ་ཆེན་པོའོ་ཐོག་ནས་ཁྱེར་རྒྱུའི་འཆར་བཀོད་བྱས་ཡོད་པ་རེད་
ཡིན་ནའང་བདུན་ཕྲག་སྔོན་མའི་གསལ་བསྒྲགས་ནང་ད་ཆ་བོད་ཕྱོགས་ནས་ཇོ་མ་གླང་མའི་སྟེང་དཔལ་འབར་
འཁྱེར་རྒྱུའི་ལས་དོན་དེ་ཧ་ཅང་གི་སྲུང་བྱ་དམ་པོའི་འོག་ཉིན་གཉིས་གསུམ་ནང་ཚུད་དུས་ཚོད་ཐུང་ངུ་ཞིག་ནང་
དཔལ་འབར་བསྐོར་བསྐྱོད་བྱ་རྩིས་ཡོད་པ་རེད་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་རྩེད་འགྲན་གྱི་དཔལ་འབར་
བསྐོར་བསྐྱོད་ཀྱི་གནས་ཚུལ་འགོད་རྒྱུར་དུས་ཚོད་ཐུང་ཐུང་ཞིག་ནང་
འཛམ་གླིང་གི་རི་བོ་མཐོ་ཤོས་སྠེང་བསྐྱོད་སྐབས་འཕྲོད་བསྟེན་ཐད་ནས་བློ་འཚབ་ཡོད་པ་དང་ དེ་བཞིན་འཕྲོད་བསྟེན་དང་
འབྲེལ་བའི་གྲ་སྒྲིག་ཇེ་ཡོད་སྐོར་རྒྱ་ནག་གཞུང་ལ་འདྲི་རྩེད་བྱེད་སྐབས་ཁ་ས་རྒྱ་ནག་གི་པེ་ཅིང་ཨོ་ལིམ་པིག་གོ་སྒྲིག་ཚོགས་ཆུང་
ཐོག་ནས་གློ་བུར་གྱི་གསལ་བསྒྲགས་ཤིག་སྤེལ་སྟེ་ གལ་སྲིད་བོད་ནང་དཔལ་འབར་བསྐོར་བསྐྱོད་ཀྱི་གནས་ཚུལ་མཁོ་སྒྲུབ་བྱ་འདོད་ཡོད་ཚེ་ གསར་འགོད་པ་རྣམས་ནས་དེ་རིང་རེས་གཟའ་ཕུར་བུའི་ནང་ཚུད་ལྷ་སའི་ནང་འགྲུལ་བསྐྱོད་བྱ་རྒྱུའི་གནམ་གྲུའི་
ལག་ཁྱེར་ཉོས་ཟིན་པ་དགོས་རྒྱུའི་དུས་བཀག་བཟོས་སྟེ་ བསྡོར་ན་ཕྱི་རྒྱལ་གསར་འགོད་པ་རྣམས་བོད་ནང་བསྐྱོད་རྒྱུ་ཧ་ཅང་གི་ཁག་པོ་བཟོས་ཡོད་པ་རེད་༎