ཨོ་ལིམ་པིག་དཔལ་འབར་བོད་ནང་གཟའ་སྤེན་པ་བར་ཕྱིར་འགྱངས།

ཨོ་ལིམ་པིཀ་དཔལ་འབར་སྐོར་བསྐྱོད་ཚོགས་ཆུང་གིས་བོད་ནང་ཨོ་ལིམ་པིག་དཔལ་འབར་སྐོར་བསྐྱོད་བྱ་རྒྱུ་དེ་གཟའ་སྤེན་པ་བར་ཕྱིར་འགྱངས་བྱས་འདུག

༄༅༎ཨོ་ལིམ་པིཀ་དཔལ་འབར་སྐོར་བསྐྱོད་ཚོགས་ཆུང་གིས་བོད་ནང་ཨོ་ལིམ་པིག་དཔལ་འབར་སྐོར་བསྐྱོད་བྱ་རྒྱུ་དེ་གཟའ་སྤེན་པ་བར་ཕྱིར་འགྱངས་བྱས་ལུགས་དེ་རིང་རྒྱལ་ས་བེ་ཅིང་ནས་བརྗོད་ཡོད་རུང་ བོད་ནང་དཔལ་འབར་དེ་དངོས་སུ་ག་དུས་ཁྱེར་རྒྱུ་ཡིན་མིན་གྱི་ཚེས་གྲངས་གསལ་བཏོན་བྱས་མི་འདུག

རྒྱ་ནག་གི་རྒྱལ་ས་བེ་ཅིང་ནས་ཨེ་པི་དང་ཕཱ རན་སིའི་གསར་ལས་ཁང་གཉིས་ཀྱིས་དེ་རིང་གནས་ཚུལ་སྤེལ་དོན་ལ་ སྔོན་འཆར་ལྟར་ན་འདི་ཟླའི་ཚེས་༡༨ནས་༡༩ཉིན་གཉིས་རིང་བོད་ནང་བེ་ཅིང་ཨོ་ལིམ་པིག་གི་དཔལ་འབར་སྐོར་བསྐྱོད་བྱས་པའི་རྗེས་སུ་ རྒྱ་མིས་ཤིན་བྱང་ཞེས་འབོད་པའི་ཤར་ཏུར་ཀིསི་ཐན་དང་དེ་ནས་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁུལ་དུ་སྐོར་བསྐྱོད་བྱེད་འཆར་ཡོད་པ་རེད་ ཡིན་ནའི་ད་ཆ་ཨོ་ལིམ་པིག་དཔལ་འབར་དེ་གཟའ་འཁོད་འདིའི་ནང་ཤར་ཏུར་ཀིསི་ཐན་ནང་སྐོར་བསྐྱོད་བྱས་པའི་རྗེས་སུ་བོད་ནང་ཁྱེར་རྒྱུ་ཡིན་ལུགས་བེ་ཅིང་ཨོ་ལིམ་པིག་དཔལ་འབར་སྐོར་བསྐྱོད་ཚོགས་ཆུང་གི་ལི་ལི་ཀྲི་ཡིས་དེ་རིང་བེ་ཅིང་ནང་བརྗོད་འདུག ཡིན་ནའི་ཁོ་པས་བོད་ནང་བེ་ཅིང་ཨོ་ལིམ་པིག་དཔལ་འབར་ག་དུས་འབྱོར་གྱི་ཡོད་མིན་དུས་ཚེས་དངོས་གཞི་དེ་བཤད་མི་འདུག བོད་ནང་བེ་ཅིང་ཨོ་ལིམ་པིག་དཔལ་འབར་དེ་ཁྱེར་རྒྱུའི་དུས་ཆོད་འགྱུར་བ་གཏོང་དགོས་དོན་གང་ཡིན་གསལ་པོ་མེད་ན་ཡང་ བོད་ནང་དཔལ་འབར་ཁྱེར་རྒྱུའི་སྐོར་རྒྱ་ནག་གཞུང་གིས་གསང་རྒྱ་ཆེན་པོ་བྱེད་བཞིན་ཡོད་ཅིང་ འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་བོད་ནང་ཞི་བའི་ངོ་རྒོལ་སྒེར་ལངས་ཀྱི་དོན་རྐྱེན་བྱུང་བ་དང་བྱུང་མུས་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པར་བརྟེན་ནས་ དུས་ད་ལྟའི་འཆར་ཡང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་བོད་ནང་གཏོང་གི་མེད་པ་རེད་ རྒྱ་ནག་གཞུང་གིས་བོད་ནང་བེ་ཅིང་ཨོ་ལིམ་པིག་དཔལ་འབར་ཁྱེར་འཆར་དེར་བོད་དོན་དོན་གཉེར་བ་ཚོས་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་པ་ལྟར་ སང་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གསུམ་བཅུའི་དུས་དྲན་ཉིན་ཞི་བའི་སྒེར་ལངས་གནང་སྟེ་ ཉིན་གྲངས་༡༠༠འཁོར་བ་དང་བོད་ནང་དཔལ་འབར་ཁྱེར་རྒྱུར་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དང་གྲོང་ཁྱེར་ནིའུ་ཡོག་གཙོས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གནས་ཡུལ་འཛམ་གླིང་གི་ས་ཕྱོགས་གང་སར་བོད་ནང་བེ་ཅིང་ཨོ་ལིམ་པིག་དཔལ་འབར་ཁྱེར་མི་དགོས་ བོད་ནང་དྲག་གནོན་བྱ་རྒྱུ་མཚམས་འཇོག་ བོད་ནང་གསར་འགོད་པ་གཏོང་དགོས་པའི་རྔམ་སྟོན་གཞི་རྒྱ་ཆེན་པོ་བྱེད་འཆར་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org