ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཉམ་མཇལ་མོལ་སྐབས་བོད་དོན་གླེང་ཡོད་འདུག
འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཀྱི་ཞོར་དུ་ཨ་རིའི་སྲིད་འཛིན་སྦཡེ་ཌེན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་མཇལ་མོལ་སྐབས་སྦཡེ་ཌེན་གྱིས་བོད་དོན་གླེང་ཡོད་འདུག
- 2022-11-14
-
-
-
འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་སྒྲིག་འཛུགས་ཀྱི་ལྷན་ཚོགས་ཀྱི་ཟུར་དུ་ཨ་རིའི་སྲིད་འཛིན་སྦཡེ་ཌེན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་མཇལ་མོལ་སྐབས་སྦཡེ་ཌེན་གྱིས་བོད་དོན་གླེང་ཡོད་འདུག
དེ་ཡང་འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་སྒྲིག་འཛུགས་(G20)ཀྱི་ལྷན་ཚོགས་དེ་མ་འཚོགས་པའི་གོང་། འདི་ཚེས་༡༤ཉིན། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་བར་ཟུར་དུ་མཇལ་འཕྲད་གནང་ཡོད་པ་དང་། དེའི་ཐད་ཨ་རིའི་ཕོ་བྲང་དཀར་པོས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་གྱིས་ད་ཐེངས་རྒྱ་ནག་གི་སྲིད་འཛིན་ཞི་དང་དངོས་སུ་མཇལ་འཕྲད་སྐབས། རྒྱ་ནག་གཞུང་གིས་ཤིན་ཅིང་དང་། བོད། ཧོང་ཀོང་བཅས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སེམས་ཚབས་ཡོད་པ་གསལ་སྟོན་གནང་ཡོད་པ་གསལ་འདུག
དེ་བཞིན་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། སྐབས་དེར་ཨ་རིའི་སྲིད་འཛིན་གྱིས། ངས་བལྟས་ན་འཛམ་གླིང་མི་མང་གིས་རེ་བ་བྱེད་བཞིན་པ་ནི། རྒྱ་ནག་དང་ཨ་རི་གཉིས་ཀྱིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། བཟའ་འབྲུ་མི་འདང་བའི་དཀའ་ངལ་བཅས་ཀྱི་ཐད་ང་ཚོ་མཉམ་ལས་བྱེད་ཐུབ་པ་ཞིག་ཡོང་རྒྱུ་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་བས་གལ་ཏེ། ཁྱེད་རང་ཀྱི་ཕྱོགས་ནས་འདོད་མོས་ཡོད་ཚེ་ཨ་མི་རི་ཀའི་ངོས་ནས་དེ་ལྟར་མཉམ་ལས་བྱེད་རྒྱུའི་གྲ་སྒྲིག་ཡིན་ཞེས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་ལ་བཤད་ཡོད་པ་(Economic Times)་གསར་ཁང་གིས་ལུང་འདྲེན་གནང་འདུག
དེ་བཞིན་ར་ཤེ་ཡས་ཡུཀ་རེན་(Ukraine)་ནང་བཙན་འཛུལ་བྱེད་བཞིན་པའི་གནད་དོན་སོགས་ཀྱི་དཀའ་རྙོག་ཐད་བཀའ་མོལ་གནང་ཡོད་འདུག་ལ། དེ་བཞིན་ཐེ་ཝན་དང་བྱང་ཀོ་རི་ཡའི་གནད་དོན་སོགས་ཀྱི་སྐོར་ཡང་གླེང་ཡོད་འདུག
ཡང་གནད་དོན་དེ་དག་གི་སྐོར་ད་རེས་འདི་ཚེས་༡༥གཟའ་མིག་མར་ཉིན་ནས་དབུ་འཛུགས་གནང་རྒྱུའི་(G20)་འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ནང་དུ་ཡང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།
ཨ་རིའི་སྲིད་འཛིན་(Joe Biden)་གཟའ་ཉི་མའི་ཉིན་ཨིན་ཌོ་ནི་ཤེ་ཡར་(Indonesian)་མ་འབྱོར་སྔོན། ཀམ་བྷོ་ཌི་ཡའི་(Cambodia)་ནང་ཤར་ཨེ་ཤེ་ཡའི་ལྷན་ཚོགས་ཐོག་གཏམ་བཤད་གནང་སྐབས། ཨ་རིས་རྒྱ་ནག་དང་མཉམ་དུ་འགྲན་བསྡུར་ནུས་པ་ལྡན་པ་ཞིག་བྱེད་རྒྱུ་ཡིན་ནའང་ཐེ་ཝན་མཚོ་འགག་སོགས་ཀྱི་ཞི་བདེ་བརྟན་ལྷིང་གི་གལ་གནད་ཆ་ནས་འགྲན་བསྡུར་དེ་དམག་འཁྲུག་གི་ངོ་བོར་མི་འགྱུར་བའི་ཐབས་ཤེས་གནང་འཆར་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་རེད།
ཨ་མི་རི་ཀའི་རྒྱལ་སྲུང་སློབ་སྟོན་པ་(Jack Sullivan)་ལགས་ཀྱིས། སྲིད་འཛིན་སྦཡེ་ཌན་གྱིས་བཀའ་མོལ་འཛེམས་ཟོན་མེད་པར་ཐད་ཀར་གནང་རྒྱུ་ཡིན་ཞིང་། ཁོང་སྲིད་འཛིན་དུ་འཁོད་པ་ནས་བཟུང་ལངས་ཕྱོགས་བཟུང་པ་བཞིན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡོངས་སུ་སླར་གསོ་ཡོང་ཐབས་གནང་གི་མེད་ཀྱང་། མཇལ་འཕྲད་འདི་སྦཡེ་ཌན་སྲིད་གཞུང་གིས་མུ་མཐུད་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ལམ་བུ་ཞིག་ཏུ་འཛིན་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།
ད་རེས་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་འཕྲད་གནང་བ་ནི། ལོ་གཉིས་ཙམ་གྱི་སྔོན་ལ་(Biden)་གྱིས་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་འགོ་ཁྲིད་གཉིས་དངོས་སུ་མཇལ་འཕྲད་གནང་བ་ཐེངས་དང་པོ་དེ་ཡིན། ཡིན་ན་ཡང་ད་རེས་ཀྱི་མཇལ་འཕྲད་དེ་ཡང་འཛམ་གྐིང་གི་རྒྱལ་ཁབ་ཉི་ཤུའི་སྒྲིག་འཛུགས་ཀྱི་ལྷན་ཚོགས་དང་བསྟུན་ཞོར་དུ་མཇལ་འཕྲད་གནང་བ་ཞིག་ཡིན་པ་རེད།
འཛམ་གླིང་གི་རྒྱལ་ཁབ་ཉི་ཤུའི་སྒྲིག་འཛུགས་(G20)་ཀྱི་ཁོངས་སུ། ཨར་ཇན་ཊེ་ནཱ་(Argentina)་དང་། ཨོསི་ཊརེ་ལི་ཡ་(Australia) སྦར་ཛིལ་(Brazil) ཁེ་ཎ་ཌ་(Canada) རྒྱ་ནག ཧྥ་རན་སི། ཇར་མན། རྒྱ་གར། ཨིན་རྡུ་ནི་ཤེ་ཡ། ཨེ་ཊ་ལི། ཉི་ཧོང་། ཀོ་རི་ཡ། མེཀ་སི་ཀོ། ར་ཤེ་ཡ། སི་ཌེ་ཨ་རབ་བྷེ་ཡ་(Saudi Arabia) ལྷོ་ཨ་ཧྥི་རི་ཀ། ཏུར་ཀེ དབྱིན་ཡུལ། ཨ་རི། ཡོ་རོབ་སྤྱི་མཐུན་བཅས་ཡོད་པ་རེད།
གསར་འགོད་པ། ཚེ་དབང་ནོར་བུ། ཀླུ་འབུམ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།