རྒྱ་དཀར་ནག་གི་ས་མཚམས་དཀའ་རྙོག་སེལ་ཐབས་ཡག་ཤོས་ནི་བོད་ཀྱི་གནད་དོན་སེལ་རྒྱུ་དེ་ཡིན།
རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་ཡག་ཤོས་ནི་བོད་ཀྱི་གནད་དོན་སེལ་ཐབས་བྱ་རྒྱུ་དེ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གསུང་འདུག
-
2020-06-02 -
-
-
རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་ཡག་ཤོས་ནི་བོད་ཀྱི་གནད་དོན་སེལ་ཐབས་བྱ་རྒྱུ་དེ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གསུང་འདུག
དེང་སྐབས་རྒྱ་གར་ལ་དྭགས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་གདོང་ཐུག་གིས། ས་མཚམས་ཀྱི་རྙོག་གླེང་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཟླ་༦་པའི་ཚེས་༢་ཉིན་དེ་རིང་གི་རྒྱ་གར་(India Today)་ཞེས་པའི་རྒྱ་གར་གྱི་དུས་དེབ་ཐོག སྲིད་སྐྱོང་མཆོག་ལ་རྒྱ་དཀར་ནག་བར་གྱི་ས་མཚམས་ཀྱི་རྙོག་གླེང་དང་འབྲེལ་བའི་གནད་དོན་སྐོར་བཅར་འདྲི་ཞུས་པའི་ནང་། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས། ལོ་སྟོང་ཕྲག་མང་པོའི་རིང་ རྒྱ་བོད་ས་མཚམས་ཟེར་བ་ལས་རྒྱ་དཀར་ནག་གི་ས་མཚམས་ཞེས་པ་མེད་པ་དང་། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པའི་རྗེས། རྒྱ་དཀར་ནག་གི་ས་མཚམས་ཟེར་བའི་གནས་སྟངས་ཆགས་པར་བརྟེན་ས་མཚམས་ཀྱི་རྙོག་གླེང་བྱུང་ཡོད་པ་རེད། དེར་བརྟེན་གཞི་རྩའི་དཀའ་རྙོག་དེ། བོད་ཀྱི་གནད་དོན་ལ་ཐུག་ཡོད་པས། ད་ཆ་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་ཡག་ཤོས་ནི་བོད་ཀྱི་གནད་དོན་སེལ་ཐབས་བྱ་རྒྱུ་དེ་ཡིན་པ་གསུངས་འདུག
རྒྱུ་མཚནདེ་སྔ་བོད་དེ་བཞིན་རང་བཙན་རྒྱལ་ཁབ་ཡིན་པའི་སྐབས་སུ། རྒྱ་གར་གཞུང་ནས་རྒྱལ་ནང་བདེ་འཇགས་ཀྱི་ཆེད་དུ། ད་ལྟ་ནང་བཞིན་ཨ་སྒོར་ཐེར་འབུམ་བརྒྱ་ཕྲག་མང་པོའི་དངུལ་རྩིས་འགྲོ་གྲོན་གཏོང་དགོས་ཀྱི་མེད་ལ། རྒྱ་བོད་དབར་ས་མཚམས་སྲུང་སྐྱོབ་བྱེད་དགོས་དོན་ཡང་མེད་པ་རེད། དེར་བརྟེན་བོད་ཀྱི་གནད་དོན་སེལ་ཚེ་བོད་འདི་བཞིན་དམག་དཔུང་མེད་པའི་ཞི་བདེ་ལྟེ་གནས་ཞིག་ཏུ་བསྒྱུར་ན་འཛམ་གླིང་གི་མི་འབོར་ཆེ་ཤོས་རྒྱ་ནག་དང་རྒྱ་གར་གཉིས་བར་གཏན་འཇགས་ཀྱི་ཞི་བདེ་མཉམ་གནས་ཐུབ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་འདུག
ཡང་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ལ་རང་བཙན་གྱི་གནས་བབ་རྩོད་ཀྱི་མེད་པའི་བཞེངས་ཕྱོགས་བསྐྱར་ནན་གནང་པའི་ཐོག ༧གོང་ས་མཆོག་གིས་བཏོན་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་འོག བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་སྲུང་སྐྱོབ་ཆེད། བོད་ས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་གནང་གི་ཡོད་ཚུལ་དང་། རྒྱ་དཀར་ནག་བར་ས་མཚམས་ཀྱི་རྩོད་གླེང་ཐད། བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་སྐབས་ནས་བཟུང་ བོད་གཞུང་དགའ་ལྡན་ཕོ་བྲང་གིས་དེང་རྒྱ་དཀར་ནག་དབར་རྩོད་གཞི་ཅན་གྱི་རྒྱ་གར་ལ་དྭགས་གྱི་ས་འབྲེལ་ས་མཚམས་དང་། དེ་བཞིན་རྒྱ་གར་བྱང་ཤར་ཁུལ་དུ་མོན་རྟ་དབང་གི་ས་ཁུལ་བཅས་རྒྱ་གར་གྱི་ས་ཁོངས་ཆ་ཤས་ཡིན་པར་ངོས་འཛིན་ཞུ་གི་ཡོད་པ་ནན་བརྗོད་གནང་ཡོད་འདུག