རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་བཅོས་བསྒྱུར་དགོས་ལུགས།

འཛམ་གླིང་ནང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ཚོགས་འདུའི་ཐོག་ནས་རྒྱལ་ཚོགས་ལ་ཞུ་སྐུལ་གནང་ཡོད་འདུག

༄༅༎འཛམ་གླིང་ནང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ཚོགས་འདུའི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་ཐོག་བཅོས་བསྒྱུར་གཏོང་དགོས་ལུགས་ཞུ་སྐུལ་གནང་ཡོད་འདུག

རྒྱ་ནག་གི་གྲོང་ཁྱེར་སན་ཡོའི་ནང་། རྒྱ་ནག་དང་། རྒྱ་གར། ར་ཤེ་ཡ། སྦེ་ར་ཛིལ། ལྷོ་ཨཕ་རི་ཀ་སོགས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་ལྷན་འཛོམས་གནང་ཡོད་པ་ནས་དེ་རིང་ཐུན་མོང་གི་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། ང་ཚོ་ཐུན་མོང་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་ཀྱི་གནས་སྟངས་ཐོག་འགྱུར་བཅོས་གཏོང་དགོས་པའི་མོས་མཐུན་བྱུང་སོང་ཞེས་གསུངས་འདུག དེ་དང་ཕྱོགས་མཚུངས་ད་ལྟ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱ་ནག་དང་ར་ཤེ་ཡ་གཉིས་ནས་ཀྱང་རྒྱ་གར་དང་བྷ་ར་ཛིལ། ལྷོ་ཨཕ་རི་ཀ་གསུམ་རྒྱལ་སྤྱིའི་གནད་དོན་ཐོག་གལ་འགངས་ཆེན་པོ་ཞིག་ཡིན་དུས་དེར་གཞིགས་པས་རྒྱལ་ཚོགས་ཀྱི་ནང་དུའང་ཆ་ཤས་ཤུགས་ཆེ་ཙམ་ལེན་ཐུབ་རྒྱུར་རྒྱབ་སྐྱོར་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

རྒྱ་གར་དང་སྦེ་ར་ཛིལ་གཉིས་ནས་ལོ་མང་པོའི་རིང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་ཐུབ་རྒྱུར་འབད་བརྩོན་ཤུགས་ཆེ་བྱས་ཡོད་པ་རེད། དེར་ར་ཤེ་ཡས་རྒྱབ་སྐྱོར་བྱས་ཡོད་ཀྱང་རྒྱ་ནག་ནས་དམིགས་བསལ་དངོས་གསལ་དོད་པོའི་ཐོག་ནས་རྒྱབ་སྐྱོར་བྱས་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org