རྒྱ་ནག་ཕྱོགས་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་འབོད་སྐུལ།
དབྱིན་ཇིའི་སྲིད་བློན་མཆོག་གིས་རྒྱ་ནག་ཕྱོགས་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱ་དགོས་ཞེས་རྒྱའི་སྲིད་བློན་ལ་འབོད་སྐུལ་གནང་ཡོད་པ་རེད།
-
2009-02-03 -
-
-
༄༅༎ཕྱི་ཟླ་དང་པོའི་ཚེས་སུམ་ཅུ་སོ་གཅིག་ནས་ཕྱི་ཟླ་གཉིས་པའི་ཚེས་གཉིས་བར་རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་དབྱིན་ཡུལ་དུ་འཚམས་འདྲི་བྱེད་པའི་རིང་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་གིས་གོ་སྐབས་དེ་བཟུང་སྟེ་རྒྱ་ནག་ཕྱོགས་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
རེས་གཟའ་ཟླ་བ་ཉིན་སྲིད་བློན་གོར་ཌེན་སྦ་རའོན་དང་ལྦན་ཅ་པའོ་རྣམ་གཉིས་ཟུང་འབྲེལ་གྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་སྐབས་སྲིད་བློན་གོར་ཌེན་སྦ་རའོན་མཆོག་གིས་གསུང་པར་ང་ཚོ་དབྱིན་ཡུལ་ཕྱོགས་ནས་འཆར་ཅན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་ཐབས་ལ་འབད་བརྩོན་དང་འབྲེལ་ཡོད་དབུ་ཁྲིད་ཁག་ལ་བཀའ་མོལ་གནང་བཞིན་པ་ལྟར་ང་ཚོས་མུ་མ་ཐུད་གྲོས་མོལ་གནང་བ་བརྒྱུད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་མྱུར་གྱིས་ཡར་རྒྱས་འགྲོ་ཐབས་ལ་འབད་བརྩོན་གནང་རྒྱུ་དང་ལྷག་པར་དུ་རང་ཉིད་ཀྱི་ངོས་ནས་ད་ལྟ་མདུན་དུ་ཡོད་པའི་བོད་ནང་གི་དཀའ་རྙོག་སེལ་ཐབས་ལ་རྒྱ་ནག་གཞུང་གིས་མུ་མཐུད་གྲོས་མོལ་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད་ཅེས་གསུང་ཡོད་པ་རེད། སྲིད་བློན་གོར་ཌེན་སྦ་རའོན་གྱིས་ད་རེས་ལྦན་ཅ་པའོ་ལ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པ་དང་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱ་དགོས་ཞེས་གསུང་སྟེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཡག་པོ་མེད་པའི་སྐྱོན་བརྗོད་གནང་བ་དང་ཕྱོགས་གཞན་ཞིག་ནས་ལྦན་ཅ་པའོ་ལ་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཀྱི་སྲིད་ཇུས་དེ་ཡིས་རྒྱ་ནག་མི་དམངས་དབུལ་ཕོངས་ས་ཡ་མང་པོའི་དཀའ་ངལ་སེལ་བཞིན་པའི་སྐོར་སྔགས་བརྗོད་ཀྱང་བྱས་ཡོད་པ་རེད། གང་ལྟར་སྲིད་བློན་ལྦན་ཅ་པའོ་ཡི་ད་རེས་དབྱིན་ཡུལ་གྱི་འཚམས་འདྲི་དེ་ནི་རྒྱ་ལམ་ཐོག་ངོ་རྒོལ་བྱེད་མཁན་གྱིས་གནས་བཟོད་མི་བདེ་བ་བཟོས་པ་དང་རེས་གཟའ་ཉི་མའི་ཉིན་ངོ་རྒོལ་བྱེད་མཁན་གྲས་ནས་མི་ལྔ་དབྱིན་ཇིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཀྱང་རེས་གཟའ་ཟླ་བའི་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་མི་དམངས་ལྔ་བཅུ་ཙམ་གྱིས་རྒྱ་ལམ་ཐོག་རྣོ་ངར་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།