སྒོམ་གྱི་ལམ་ནས་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ངོ་སྤྲོད།

སྒྲུབ་དཔོན་འཕྲིན་ལས་སྙིང་པོ་རིན་པོ་ཆེ་ཡིས་ཨ་རིའི་མཐོ་རིམ་སློབ་གྲྭ་ཞིག་ནང་སྒོམ་གྱི་ལམ་ནས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སྐོར་ངོ་སྤྲོད།

2009.06.25

༄༅༎ཨ་རིའི་མེ་རི་ལེན་ཌེ་མངའ་སྡེའི་ཕེ་རེ་ཌིཀ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་ཀྱི་སྒྲུབ་དཔོན་འཕྲིན་ལས་སྙིང་པོ་རིན་པོ་ཆེ་ཡིས་ཨ་རིའི་ཕོ་ལོ་རི་ཌ་ཁུལ་དུ་ས་གནས་ཀྱི་མཐོ་རིམ་སློབ་གྲྭ་ཞིག་ནང་སྒོམ་གྱི་ལམ་ནས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སྐོར་ངོ་སྤྲོད་གནང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཨ་རིའི་ཕོ་ལོ་རི་ཌ་མངའ་སྡེའི་ཊེམ་པ་སྦེ་ཞེས་པའི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ཁུལ་དེའི་པིསི་ཁོ་ཧར་ནེན་ཌོ་ཞེས་པའི་ས་གནས་ཀྱི་མཐོ་རིམ་སློབ་གྲྭ་ཞིག་གི་གོ་སྒྲིག་འོག་སྒྲུབ་དཔོན་འཕྲིན་ལས་སྙིང་པོ་རིན་པོ་ཆེས་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཆེད་སྒོམ་གྱི་ཕན་རླབས་དང་ཡང་སྒོམ་རྒྱབ་ཕྱོགས་སྐོར་ངོ་སྤྲོད་དང་བཀའ་ལན་འཇུག་པོ་གནང་ཡོད་སྐོར་གནས་ཚུལ་བཀོད་འདུག འདུ་འཛོམས་དེའི་ཐོག་སྒྲུབ་དཔོན་འཕྲིན་ལས་སྙིང་པོས་ཁོང་ཐོག་མར་བོད་ནང་ཆུང་དུས་ནས་ཆོས་ཀྱི་བསླབ་པ་སློབ་གཉེར་གནང་སྟེ་རིམ་པས་སྒྲུབ་དཔོན་གྱི་མཚན་གནས་འབྱུང་ཚུལ་གྱི་ངོ་སྤྲོད་གནང་འདུག་ལ་དེ་ནས་ཚོགས་བཅར་བ་ཚོས་ནང་སེམས་ཀྱི་བདེ་སྐྱིད་སྐོར་བཅར་འདྲི་ཞུས་པའི་བཀའ་ལན་དུ་སྒྲུབ་དཔོན་རིན་པོ་ཆེས་གསུངས་ན་བསམ་བློའི་རང་དབང་འཕེལ་རྒྱས་ལ་འགོག་རྐྱེན་ཆེ་ཤོས་དེ་རང་རང་སོ་སོའི་བདེ་སྐྱིད་ཁོ་ན་བསམ་པའི་སེམས་བཅངས་ཚུལ་དེ་ཡིན་པ་དང་གལ་སྲིད་དོ་བདག་རང་ཉིད་ལ་བདེ་སྐྱིད་དགོས་ཚེ་གཞན་ཕན་གྱི་བསམ་བློ་འཛིན་དགོས་པའི་སྐོར་གསུངས་འདུག ང་རྒྱལ་དང་ཆགས་སེམས་ལ་སོགས་པའི་རང་གཅེས་འཛིན་གྱི་བསམ་བློ་དོར་སྟེ་གཞན་ཕན་དང་གཞན་སེམས་བསྐྲུན་འདོད་ཡོད་ཚེ་སྒོམ་གྱི་ཕན་རླབས་ཆེན་པོ་ཡོད་པ་དང་ང་རྒྱལ་དང་ཁོང་ཁྲོའི་རང་བཞིན་དེ་མ་ཐག་ཏུ་ཡོང་སྲིད་ཀྱང་དེ་ལྟ་བུའི་ཀུན་སློང་ཞི་དུལ་བྱེད་པར་བྱམས་སེམས་དང་སྙིང་བརྗེའི་ཀུན་སློང་བསྐྲུན་གལ་ཆེ་བའི་སྐོར་ནན་བརྗོད་གནང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎