ཨ་མི་རི་ཀས་བོད་དོན་ཐོག་གི་གྲོས་འཆར་ལ་རྒྱ་ནག་གིས་ངོ་རྒོལ།
རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་འཇོག་ཡས་ཀྱི་ཐོག་ལ་ཨ་རི་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་པ།
-
2009-03-12 -
-
-
༄༅༎ཨ་རིའི་གྲོས་ཚོགས་འོག་མའི་ནང་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་བོད་ནང་བཙན་གནོན་འཕྲལ་དུ་མཚམས་འཇོག་དགོས་རྒྱུའི་གྲོས་གཞི་བཏོན་གནང་སྟེ་འཐུས་མི་ཅིག་གི་མ་གཏོགས་སྤྱི་མོས་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་གྲོས་འཆར་བྱུང་ཡོད་པར་ད་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ནས་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་འཇོག་ཡས་ཀྱི་ཐོག་ལ་ཨ་རི་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་པའི་སྐོར་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་འགྲེལ་བརྗོད་བྱས་འདུག
རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་མའ་ཁྲའོ་ཤུས་ཀྱིས་བརྗོད་ན་ཨ་རིའི་གྲོས་ཚོགས་འོག་མས་གོང་ཞུས་གྲོས་ཆོད་འཇོག་རྒྱུ་དེ་ནི་དོན་དངོས་དང་མི་མཐུན་པའི་ཐོག་ནས་རྒྱ་ནག་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་ལ་གང་བྱུང་སྐྱོན་བརྗོད་བྱས་པ་ཞིག་ཡིན་པའི་ཁར་ཏཱ་ལའི་བླ་མས་ལོ་མང་རིང་རྒྱ་ནག་ཁ་བྲལ་གྱི་ལས་དོན་སྤེལ་ཡོད་པར་བསྔགས་བརྗོད་བྱས་པ་ཞིག་ཡིན་པས་དེ་ནི་རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་ལམ་ཕྱོགས་དང་ཡོངས་སུ་རྒྱབ་བརྒལ་ཡིན་ལུགས་དང་ཨ་རིའི་གྲོས་ཚོགས་འོག་མའི་བྱ་སྤྱོད་དེས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པས་རྒྱ་ནག་གཞུང་དང་མི་མང་གིས་དེར་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན་ལུགས་སོགས་བཤད་ཡོད་པ་རེད། དེ་བཞིན་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཕོ་བྲང་དང་ཕྱི་སྲིད་ལས་ཁང་གཉིས་ཀྱིས་ཀྱང་གསལ་བསྒྲགས་སྤེལ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་དོ་སྣང་གནང་བཞིན་པ་དང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་བཀའ་མོལ་སླར་གསོ་དགོས་པའི་འབོད་སྐུལ་ཞུས་ཡོད་པའི་ཐོག་ལ་ཡང་རྒྱ་ནག་གཞུང་གིས་བསྐྱོན་བརྗོད་ལན་འདེབས་བྱས་ཡོད་པ་རེད༎