བོད་ནང་དཔལ་འབར་བསྐོར་བསྐྱོད་དུས་ཡུན་ཐུང་རུ་བཏང་བ།

རྒྱ་ནག་གཞུང་གིས་བོད་ནང་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱ་རྒྱུའི་དུས་ཚོད་ཐུང་རུ་བཏང་སྟེ་བོད་ནང་ཉིན་གཅིག་མ་གཏོགས་ཁྱེར་རྩིས་མེད་པ་རེད༎

༄༅༎རྒྱ་ནག་གཞུང་གིས་བོད་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱ་རྒྱུའི་དུས་ཚོད་ཐུང་རུ་བཏང་སྟེ་ རྩེད་འགྲན་གྱི་དཔལ་འབར་བོད་ནང་ཉིན་གཅིག་མ་གཏོགས་ཁྱེར་རྩིས་མེད་པའི་གནས་ཚུལ་ཐོན་འདུག་༎

སྔོན་འཆར་ལྟར་ན་ རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་ཟླ་བ་འདིའི་ཚེས་༡༩ནས་༢༡བར་ཁྱོན་ཉིན་གྲངས་གསུམ་རིང་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་འགྱུར་བའི་བོད་ཀྱི་ས་ཁུལ་ཁག་ཅིག་ནང་ཁྱེར་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་ ད་རིང་ཚེས་༡༨ཉིན་པེ་ཅིང་ཨོ་ལིམ་པིག་གོ་སྒྲིག་ཚོགས་ཆུང་གི་མགྲིན་ཚབ་པ་ཀྲུ་ཅིང་གིས་ ཟླ་བ་སྔོན་མ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གོད་ཆགས་ལ་རྐྱེན་པས་ ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བོད་ནང་ཉིན་གཅིག་མ་གཏོགས་ཁྱེར་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་སྐོར་གསལ་འདོན་བྱས་བཞག་

ད་ལྟའི་འཆར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་རྒྱ་ནག་གཞུང་གིས་སྲུང་བྱ་དང་དམ་བསྒྲགས་ཆེན་པོའི་འོག་ རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་ཤིན་ཅང་ཁུལ་དུ་བསྐོར་བསྐྱོད་བྱེད་བཞིན་ཡོད་པ་དང་ ཚེས་༢༡ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཁྱེར་རྒྱུ་ཡིན་པ་རེད་འདུག རྒྱ་ནག་གཞུང་གིས་རྩེད་འགྲན་གྱི་དཔལ་འབར་བོད་དང་ཤིན་ཅང་ཁུལ་དུ་བསྐོར་བསྐྱོད་བྱ་རྒྱུའི་ལས་འཆར་དེར་ ཕྱི་ཕྱོགས་ནས་དོ་སྣང་ཆེན་པོས་རྟོགས་ཞིབ་བྱེད་བཞིན་ཡོད་པ་མ་ཟད་ ལྷག་པར་དུ་རྒྱལ་སྤྱིའི་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ འགྲོ་བ་མིའིི་ཐོབ་ཐང་ཚོགས་པ་ གསར་འགོད་རང་དབང་ཚོགས་པ་ཁག་གིས་ རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་ཆུང་ཐོག་ནས་ རྒྱ་ནག་གི་བོད་ནང་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱ་རྒྱུའི་འཆར་གཞི་ཕྱིར་འཐེན་དགོས་པའི་གནོན་ཤུགས་བསྟུད་མར་སྤྲོད་བཞིན་ཡོད་པ་རེད་ པེ་ཅིང་ཨོ་ལིམ་པིག་ཚོགས་ཆུང་གི་མགྲིན་ཚབ་པས་ ད་རིང་གསར་འགོད་ལྷན་ཚོགས་སྐབས་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་ཁྱེར་རྒྱུའི་དུས་ཚོད་ཐུང་རུ་གཏོང་རྒྱུ་དེ་ ཉེ་སྔོན་བོད་ནང་ཞི་རྒོལ་གྱི་གནད་དོན་དང་དེ་བཞིན་ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་ཐུག་ཡོད་མིན་སྐོར་ལན་འདེབས་གང་ཡང་བྱས་མིན་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org