མདོ་སྨད་ཨ་མདོ་བླ་བྲང་རྫོང་ཁུལ་བོད་མི་གསུམ་འཛིན་བཟུང་།

བོད་ཀྱི་མདོ་སྨད་ཨ་མདོ་བླ་བྲང་རྫོང་གི་ཐང་དགེ་ནང་གྲོང་ཚོའི་བོད་མི་གཞོན་སྐྱེས་གསུམ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

༄༅༎བོད་ཀྱི་མདོ་སྨད་ཨ་མདོ་བླ་བྲང་རྫོང་གི་ཐང་དགེ་ནང་གྲོང་ཚོའི་བོད་མི་གཞོན་སྐྱེས་གསུམ་ས་གནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཉེས་རྡུང་བཏང་བ་དང་སྦྲགས་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་གནས་ཚུལ་ཐོན་གསལ་གཞིགས་ན་ད་ལམ་འཛིན་བཟུང་བྱས་པའི་བོད་མི་གསུམ་པོ་དེ་དག་ནི་འབྲོག་པ་ཡིན་པ་དང་ཁོང་གསུམ་འཛིན་བཟུང་བྱེད་པའི་སྐབས་དེ་ལྟར་བྱེད་ཆོག་པའའི་ཁྲིམས་ཁང་གི་བཀའ་ཤོག་སོགས་གང་ཡང་བསྟན་མེད་པ་མ་ཟད་ཉེན་རྟོག་པ་གཅིག་གིས་སྒྲིག་ཆས་གྱོན་པ་ལས་དེ་འཕྲོས་རྣམས་སྐྱ་ཆས་གྱོན་ཏེ་སླེབས་ཡོད་པ་དང་དེ་བཞིན་འཛིན་བཟུང་བྱེད་པར་ཡོང་མཁན་གྱི་ཉེན་རྟོག་པ་རྣམས་ཀྱི་ལག་ཏུ་མེ་མདའ་རིང་ཐུང་སྣ་ཚོགས་ཁྱེར་ཡོད་པའི་གནས་ཚུལ་འདུག་ཀྱང་མི་སྣ་དེ་དག་གི་མིང་དང་ཁོང་རྣམས་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་ཇི་ཡིན་གནས་ཚུལ་ཁ་གསལ་མི་འདུག

ཡང་གནས་ཚུལ་གཞན་ཞིག་གི་ནང་སྔ་ལོའི་ནང་བརྙན་འཕྲིན་ཐོག་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱིས་གཏམ་བཤད་གནང་བའི་ཉེར་ལེན་གྱིས་འཛིན་བཟུང་བཙོན་བཅུག་བྱས་པའི་བླ་བྲང་དགོན་པའི་གྲྭ་པ་འཛིན་བཟུང་མེད་ལགས་ཉེ་ལམ་གློད་བཀྲོལ་ཐོབ་ཡོད་ན་ཡང་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་ཁོང་གི་གྲྭ་ཤག་ཏུ་བློ་བུར་བརྟག་དཔྱད་བྱེད་པར་ཡང་ནས་ཡང་དུ་ཡོང་གི་ཡོད་པ་མ་ཟད་ཁོང་རང་ཉིད་ནས་ཀྱང་གཟའ་འཁོར་འཆར་ཅན་ཉེན་རྟོག་ལས་ཁུངས་སུ་ངོ་བཅར་ཐོ་འགོད་བྱེད་པར་བསྐྱོད་དགོས་པ་སོགས་ཀྱིས་བསུན་བཙིར་ཆེན་པོ་བཟོ་བཞིན་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org