རྒྱ་གཞུང་གིས་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་ཁ་བྲལ་བར་སྐྱོན་བརྗོད།
རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་བྱུང་བའི་དུས་ཟིངས་དེ་དག་ཕྱི་ཕྱོགས་ཁ་བྲལ་བ་ཚོས་ངན་སློང་བྱས་པ་ཞིག་ཡིན་ལུགས་བརྗོད་འདུག
-
2009-08-08 -
-
-
༄༅༎རྒྱ་ནག་གཞུང་གིས་སྔ་ལོ་བོད་དང་འདི་ལོ་ཤིན་ཅང་ནང་བྱུང་བའི་དུས་ཟིངས་དེ་དག་ཕྱི་ཕྱོགས་ཁ་བྲལ་བ་ཚོས་ངན་སློང་བྱས་པ་ཞིག་ཡིན་ལུགས་གཟའ་པ་སངས་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཉན་ཞིབ་ཚོགས་འདུ་ཞིག་གི་ཐོག་བརྗོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ཕྱོགས་ནས་མི་རིགས་དབྱེ་འབྱེད་རྩ་མེད་བཟོ་བའི་ལས་གཞིའི་ཐད་ཞིབ་འཇུག་བྱེད་པའི་ཚོགས་འདུའི་ཐོག་ཏོན་ཅེ་ལུང་གིས་འགོ་འཁྲིད་སྟེ་མི་སྣ་གསུམ་བཅུ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་མངགས་ཕེབས་ཡོད་པ་དང་ཏོན་གྱིས་དོན་རྐྱེན་དེ་གཉིས་ནི་ཕྱི་ཕྱོགས་སུ་ཡོད་པའི་ཁ་བྲལ་བ་ཚོས་བརྒྱུད་བསྐུལ་གྱིས་རྒྱ་ནག་རྒྱལ་ནང་དུ་ཡོད་པའི་ཁ་བྲལ་བ་ཚོས་ལག་བསྟར་བྱས་པའི་སྔོན་ཚུད་ནས་འཆར་གཞི་ཡོད་པ་དང་སྒྲིག་འཛུག་གི་ངོ་བོ་ལྡན་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་ནི་དཔང་རྟགས་ར་འཕྲོད་བྱུང་ཡོད་ལུགས་བརྗོད་འདུག
ད་དུང་ཁོ་པས་རྒྱ་ནག་གཞུང་ཕྱོགས་ནས་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ཁྲིམས་དང་མཐུན་པའི་ཐོག་ནས་འཕྲལ་དུ་འགོག་ཐབས་བྱས་ཡོད་པ་དང་དེར་རྒྱ་ནག་གི་གྲངས་ཉུང་མི་རིགས་ཚང་མས་རྒྱབ་སྐྱོར་བྱས་ཡོད་པ་ཡང་བརྗོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉན་ཞིབ་དེའི་སྐབས་ཚོགས་མི་ཁག་གཅིག་གིས་བོད་དང་ཤིན་ཅང་ནང་དུས་ཟིངས་ཀྱི་གནས་ཚུལ་དེ་དག་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་ས་ཁུལ་དེ་དག་ནང་གི་གྲངས་ཉུང་མི་རིགས་ཚོའི་ཐོག་སྲིད་བྱུས་བཟུང་སྟངས་ཇི་ཡིན་དྲི་ཞིབ་བྱས་ཡོད་ལ་དེ་དང་དུས་མཚུངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དམིགས་བསལ་ཞིབ་འཇུག་པ་སྐུ་ཞབས་ལི་ནོསི་ཨེ་ལེཀ་ཛེན་ཌར་སི་སི་ལི་ཡ་ནོ་སི་ཡིས་སྔ་ལོ་བོད་ནང་ངོ་རྒོལ་བྱུང་རྗེས་འཛིན་བཟུང་བྱས་པའི་བོད་མི་ཚོའི་ཐོག་རྒྱ་ནག་གཞུང་གིས་ཁྲིམས་གཤེར་བྱ་ཕྱོགས་ཀྱི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་དགོས་པ་གསུངས་འདུག
ཡང་ཚོགས་མི་སྐུ་ཞབས་རྡི་ལིབ་ལ་ཧ་རིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་དཔལ་འབྱོར་གྱི་མ་རྩ་ཤུགས་ཆེ་བཙུགས་པ་དེ་དག་གི་ཁེ་ཕན་ས་གནས་ཀྱི་གྲངས་ཉུང་མི་རིགས་ཚོར་མ་ཐོབ་པར་ས་གནས་དེ་དག་གི་ནང་གནས་སྤོ་བྱ་མཁན་ཧན་མི་རིགས་ཚོར་ཐོབ་ཀྱི་ཡོད་པའི་སྐོར་གསལ་བཤད་གནང་འདུག
ཁོང་གིས་ཧན་མི་རིགས་ཁྱོན་ཆེ་ས་གནས་དེ་དག་གི་ནང་གནས་སྤོ་བྱས་པ་དེའི་རྐྱེན་གྱིས་མི་འབོར་འཁོད་མི་སྙོམས་པ་བཟོས་པར་མ་ཟད་གཞུང་གིས་བཙུགས་པའི་དཔལ་འབྱོར་གྱི་མ་རྩའི་ཁེ་ཕན་ཆེ་ཤོས་ཁོང་ཚོས་བླངས་བཞིན་ཡོད་པ་དེ་ནི་གྲངས་ཉུང་མི་རིགས་ཀྱི་ཁོངས་ནས་དུས་ཟིངས་ཡོང་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པ་གསུངས་པ་དང་རྒྱ་ནག་གཞུང་ནས་དཀའ་རྙོག་འདི་མ་སེལ་བར་འཇོག་ཐབས་རྩ་བ་ནས་མེད་པ་ཞིག་རེད་ཅེས་གསུངས་འདུག
རྒྱ་ནག་གཞུང་གི་སྐུ་ཚབ་ནས་གཟའ་ཟླ་བའི་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་མི་ཚོའི་དྲི་བར་ལན་འདེབས་བྱ་རྒྱུ་ཡིན་པ་རེད༎