རྒྱ་གཞུང་གིས་བོད་ཀྱི་བཀའ་ཁྲིར་ངོས་ལེན་མེད་སྐོར་བརྗོད།

རྒྱ་ནགགཞུང་གིས་བཙན་བྱོལ་བོད་མིའི་གསར་དུ་འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་སུ་ངོས་ལེན་མེད་སྐོར་བརྗོད་འདུག

༄༅༎རྒྱ་ནགགཞུང་གིས་བཙན་བྱོལ་བོད་མིའི་གསར་དུ་འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་སུ་ངོས་ལེན་མེད་སྐོར་བརྗོད་པ་དང་ རྒྱ་ནག་གཞུང་གི་མགྲིན་ཚབ་པས་བཙན་བྱོལ་བོད་གཞུང་དེ་བཞིན་ཁྲིམས་འགལ་དང་ངོས་འཛིན་མེད་པའི་སྡེ་ཚོགས་ཤིག་ཡིན་པ་དང་ སྒྲིག་འཛུགས་འདིའི་མཉམའབྲེལ་བ་བྱ་འདོད་གང་ཡང་མེད་སྐོར་གཏམ་བཤད་བྱས་ཡོད་པ་རེད

ད་རེས་གསར་དུ་འདེམས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་ཀྱིས་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་ཕན་དབུ་མའི་ལམ་ལ་ཤར་སྐྱོད་ཀྱིས་རྒྱ་ནག་གི་མངའ་ཁོངས་བོད་ལ་རང་སྲིད་རང་སྐྱོང་ཡོང་བར་བརྩོན་རྒྱུ་ཡིན་སྐོར་གསལ་སྟོན་གནང་གི་ཡོད་པ་རེད་

ཁ་ས་རྒྱུན་ལྡན་གྱི་་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ལ་གསར་འགོད་པས་བཙན་བྱོལ་བོད་གཞུང་གི་གསར་དུ་འདེམས་ཐོན་བྱུང་བའི་བཀའ་བློན་ཁྲི་པའི་སྐོར་དྲི་བ་གནང་མཁན་བྱུང་བར་སྐབས་དེར་རྒྱ་ནག་གཞུང་མགྲིན་ཚབ་པས་ བཙན་བྱོལ་བོད་གཞུང་ཟེར་བ་དེ་ ཏཱ་ལའི་བླ་མས་བོད་ལ་རང་བཙན་འཐོབ་རྒྱུའི་ཐབ་རྩོད་གནང་ཕྱིརཕྱི་རྒྱལ་ས་ཐོག་དུ་གསར་འཛུགས་བྱས་པའི་ཁྲིམས་འགལ་གྱི་ཆབ་སྲིད་སྒྲིག་འཛུགས་ཤིག་ཡིན་པ་དང་ འཛམ་གླིང་ནང་གི་ཡུལ་ཁག་སུས་ཀྱང་སྒྲིག་འཛུགས་དེར་ངོས་འཛིན་བྱེད་ཀྱི་མེད་སྐོར་འཆར་ཅན་གྱི་གཏམ་བཤད་འདི་བསྐྱར་ཟློས་བྱས་ཡོད་པ་རེད་

རྒྱ་ནག་གཞུང་གིས་ད་བར་༧གོང་ས་ཏྭ་ལའི་བླ་མའི་སྐུ་དབང་དང་མཚན་གནས་ཀྱི་སྐོར་བཀའ་མོལ་དགོས་མིན་ལས་གཞན་བོད་མིའི་བདེན་དོན་རྩོད་ལེན་གྱི་གནད་དོན་གང་ཡང་མེད་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་ རྒྱ་ནག་གཞུང་གིས་མ་འོངས་༧གོང་ས་མཆོག་ཞལ་མ་ཞུགས་པའི་སྐབས་ བོད་ཀྱི་རྩ་དོན་དེ་འཇའ་ཡལ་བ་ལྟ་བུ་མེད་པ་འགྱུར་རྒྱུའི་རེ་བ་བྱེད་བཞིན་པ་དེ་ལྟར་ཡང་ ༧སྤྱི་ནོར་༧གོང་ས་མཆོག་གིས་འདི་ལོ་ཕྱི་ཟླ་༣པའི་ནང་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་མང་ཚོགས་ཀྱིས་མང་མོས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་སྟེ་ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ས་བརྟན་ཐུབ་པའི་འཆར་བཀོད་གནང་བཞིན་པ་འདིས་ད་ཆ་རྒྱ་ནག་གཞུང་གི་རེ་བའི་རྨི་ལམ་དེ་འགྲུབ་དཀའ་བ་ཞིག་བཟོས་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org