རྒྱ་གཞུང་གིས་བོད་མི་༡༢༠༠གློད་བཀྲོལ་བཏང་ཡོད་སྐོར་བཤད།
རྒྱ་ནག་གིས་སྔ་ལོའི་ཞི་རྒོལ་དང་འབྲེལ་བ་ཡོད་པའི་བོད་མི་འཛིན་བཟུང་བཀག་ཉར་བྱས་པ་ནས་མི་གྲངས་༡༢༠༠གློད་བཀྲོལ་བཏང་ཡོད་སྐོར།
-
2009-08-10 -
-
-
༄༅༎རྒྱ་ནག་གིས་བོད་ནང་ལོ་སྔོན་མའི་བོད་མིའི་ངོ་རྒོལ་གྱི་ལས་དོན་དང་འབྲེལ་བ་ཡོད་པའི་བོད་མི་འཛིན་བཟུང་བཀག་ཉར་བྱས་པ་ནས་མི་གྲངས་༡༢༠༠གློད་བཀྲོལ་བཏང་ཡོད་པའི་གཏམ་བཤད་གནང་འདུག
སུད་སིའི་གྲོང་ཁྱེར་ཇི་ནི་ལྦའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མི་རིགས་དབྱེ་འབྱེད་མེད་པ་བཟོ་རྒྱུའི་ཚོགས་ཆུང་གི་ཉན་ཞིབ་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་ཅིང་སྐབས་དེར་རྒྱ་ནག་གི་ཚོགས་མི་སུམ་བཅུ་ཡོད་པའི་སྐུ་ཚབ་ཚོགས་པ་ཞིག་ཚོགས་བཅར་གནང་ཡོད་ཅིང་སྐུ་ཚབ་ཚོགས་པ་དེ་ཉིད་ཀྱི་འགོ་ཁྲིད་ཏོན་ཅེ་ལུང་གིས་རེས་གཟའ་ཟླ་བའི་ཉིན་ཚོགས་ཆུང་དེའི་ཐོག་ཡིག་ཐོག་སྙན་སེང་ཞུས་པའི་ནང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དང་འབྲེལ་བ་ཡོད་པའི་མི་སྣ་འཛིན་བཟུང་བྱས་པའི་ཁོངས་ནས་མི་གྲངས་༡༢༠༠ཙམ་གློད་བཀྲོལ་བཏང་ཟིན་པའི་ནང་དོན་བཀོད་ཡོད་པ་རེད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་ཐོག་ཕུལ་བའི་སྙན་ཐོ་ནང་དོགས་གཞི་ཡོད་པའི་བོད་མི་༡༢༣༡ལ་ཉེས་པ་བཏང་བ་དང་འགྱོད་བཤགས་ཀྱི་སྙན་ཞུ་ཕུལ་བ་དང་ཁྲིམས་ཁང་གི་དཔོན་རིགས་རྣམས་ཀྱིས་སློབ་གསོ་ལམ་སྟོན་གནང་བའི་རྗེས་སུ་གློད་བཀྲོལ་བཏང་ཡོད་པའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆུང་གིས་བཀའ་འདྲི་གནང་བར་ལན་འདེབས་གནང་འདུག རྒྱ་ནག་གི་སྐུ་ཚབ་ཀྱི་ཡིག་ཐོག་ལན་འདེབས་དེ་ཉིད་ནང་བོད་མི་བདུན་ཅུ་དོན་བདུན་ཙམ་གྱིས་ཇག་བཅོམ་དང་གཏོར་བཤིགས་དང་ཁྲིམས་ཞིབ་འགྲོ་ལུགས་ཐོག་འགོག་རྐྱེན་བཟོས་པའི་ནག་ཉེས་དང་བདུན་ལ་སོ་ཉུལ་གྱི་ཉེས་འཛུགས་བྱས་པའི་སྐོར་བཀོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།